འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཆོས་དབྱིངས་སྐྱིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ནས་ལོ་གསར་གྱི་བསམ་འདུན་བསྒྲུབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི་ལོ་གསར་ཐེངས་མ་ག་ཚོད་ཕྱིར་སྦྱོང་བརྡར་བྱེད་སྐབས་བཏང་བ་ཡིན་པ་གསལ་པོ་ཤོད་རྒྱུ་མི་འདུག ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་གྲགས་ཅན་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ལོ་གསར་པར་རེ་བ་གསར་པས་ཁེངས་པས་2018ལོར་རང་ཉིད་ལ་ཚད་བརྒལ་དེ་བས་མང་བ་དང་ཕུགས་བསམ་མངོན་འགྱུར་ཐུབ་པའི་རེ་བ་ཡོད་ཅེས་བཤད།
         ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཧེ་ཡན་རྫོང་ཝ་འཇོག་ཤང་གི་འབྲོག་པའི་བུ་མོ་ཞིག་རེད། ཁོང་གི་པ་ཕ་མགོན་པོ་ལྷག་བསྟན་དང་ཨ་མ་བསོད་ནམས་སྐྱིད་གཉིས་ཀ་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་འབྲོག་པ་རེད།
         ལུས་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཆོས་དབྱིངས་སྐྱིད་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ནས་འཛམ་གླིང་ཕྱོགས་སུ་བསྐྱོད། ཁོང་གིས་དེ་སྔོན་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ་20ཡི་འགྲོ་རྩལ་འགྲན་བསྡུར་ལ་དངུལ་གྱི་རྟགས་མ་བླངས་པ་མ་ཟད། ཁོང་ནི་ཀྲུང་གོར་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཐོབ་མཁན་བོད་རིགས་དང་པོ་དེ་རེད།
         འདི་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་མཉམ་དུ་འཁེལ་བ་དང་ཆོས་དབྱིངས་སྐྱིད་ལོ་གསར་གཏོང་ཁོམ་མེད་པར་ཕུགས་བསམ་གྱི་ཆེད་དུ་ནང་སྦྱོང་བྱེད་བཞིན་ཡོད།
         ཆོས་དབྱིངས་སྐྱིད་ཀྱིས་ངས་རྒྱང་རྒྱུག་རྣམ་གྲངས་ནས་འགྲོ་རྩལ་རྣམ་གྲངས་ལ་བསྒྱུར་ཏེ་མཚོ་སྔོན་རུ་ཁག་ནས་རྒྱལ་ཁབ་རུ་ཁག་ལ་འཛུལ་བར་ལོ་འགའ་ཤས་འབད་བརྩོན་བྱས་པ་ཡིན། རྒྱལ་ཁབ་རུ་ཁག་ལ་འཛུལ་རྗེས་འབད་བརྩོན་ལྷོད་མེད་བྱས་ཏེ་ཨོ་རྩལ་འགྲན་ཚོགས་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སོགས་ལ་ཞུགས་པ་ཡིན་ཞེས་བཤད། དེའི་རིང་དཀའ་ལས་ཇི་འདྲ་བརྒྱབ་པ་ཁོང་རང་ཉིད་ཀྱིས་མ་གཏོགས་ཤེས་མཁན་མེད།
         2017ལོའི་ཟླ་12ཚེས་18ཉིན། ཁོང་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་དང་མཉམ་དུ་དབྱི་ཐ་ལིའི་གྲོང་རྡལ་ཆུང་ངུ་ས་ལུ་ཙོ་རུ་སླེབས། ཉིན་ལྟར་རིང་ཤོས་སུ་སྤྱི་ལེ་40སྐྱོད་དགོས་པ་དང་ཉུང་ཤོས་སུ་སྤྱི་ལེ་20སྐྱོད་དགོས་པས་དཀའ་ལས་འདུག་ལ་སྐྱིད་པོའང་འདུག་ཅེས་ཆོས་དབྱིངས་སྐྱིད་ཀྱིས་བཤད།
         ཁུ་སིམ་པའི་གྲོང་རྡལ་ཆུང་ངུ་དེས་ཁོང་ལ་ཕ་ཡུལ་མཚོ་སྔོན་མཚོ་བྱང་དང་མདོ་པ་རྒྱལ་ཁབ་སྦྱོང་བརྡར་རྟེན་གཞིར་སླེབས་པ་ལྟར་གྱི་ཚོར་སྣང་བྱིན། ཆོས་དབྱིངས་སྐྱིད་ཀྱི་ཕ་ཡུལ་དུ་བོད་ཀྱི་ལོ་གསར་སླེབས་རིམ་བཞིན་བོད་རིགས་མང་ཚོགས་ཚོས་ཤ་ཟ་བ་དང་ནས་ཆང་འཐུང་བ་མ་ཟད། མཆོད་མེ་འབུལ་བ་དང་མཚོ་སྔོན་པོར་མཆོད་འབུལ་བྱེད་པ་སོགས་ཀྱི་མཛད་སྒོར་ཞུགས་ཀྱི་ཡོད། གཉེན་ཉེ་ཚོ་དང་ཐུག་འཕྲད་བྱེད་སྐབས་དཀར་གཙང་མཇལ་དར་ཁྱེར་ནས་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད།
         ཨ་མ་བསོད་ནམས་སྐྱིད་ཀྱི་སེམས་ལ་བུ་མོ་ཆོས་དབྱིངས་སྐྱིད་ནི་ནང་མི་ཚོའི་སྤོབས་པ་རེད། འགྲན་བསྡུར་བྱེད་རིམ་བཞིན་ནང་མི་ཚོས་བུ་མོར་གྲུབ་འབྲས་ཡག་པོ་ཞིག་ཐོབ་ཆེད་བསང་གཏོང་བ་དང་སྨོན་ལམ་འདེབས་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་མཆོང་རྒྱུག་འཕེན་གསུམ་རུ་ཁག་གིས་དབྱི་ཐ་ལིར་2018ལོའི་ཟླ་2པའི་ཟླ་སྨད་བར་སྦྱོང་བརྡར་བྱས་པ་དང་སྐབས་དེའི་སྦྱོང་བརྡར་གྱི་ཕན་འབྲས་སྐོར་གླེང་སྐབས། ཆོས་དབྱིངས་སྐྱིད་ཀྱིས“རུ་ཁག་ཡོངས་དང་མཉམ་དུ་ཕྱི་རྒྱལ་རྩལ་ཁྲིད་པའི་གོ་རིམ་ལྡན་པའི་སྦྱོང་བརྡར་དང་མཛུབ་ཁྲིད་འོག་རང་ཉིད་ཀྱི་རྩལ་ནུས་ཀྱང་ཡར་རྒྱས་ཆེན་པོ་ཕྱིན་སོང”ཞེས་བཤད།
         “ལུས་རྩལ་འགྲན་བསྡུར་ནི་དཀའ་ཚེགས་ཆེན་པོ་ཞིག་ཡིན་པས། ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་རྒྱུ་ནི་ངའི་དམིགས་ཡུལ་ཡིན། འདི་ལོའི་ཟླ་བ་གསུམ་པར་ཨན་ཧུའེ་ཧོང་ཧྲན་དུ་གཉེར་རྒྱུ་ཡིན་པའི་འཛམ་གླིང་བུམ་པའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་བསྡུར་ལ་རང་ཉིད་ཞུགས་རྒྱུ་ཡིན་པས་ལམ་ལྷོངས་ཡོང་བའི་རེ་བ་ཡོད་ལ་གྲུབ་འབྲས་ཡག་པོ་ལེན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།