འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ལོ་40རིང་ལོ་གསར་དལ་ཤོས་ཤིག་གཏོང་རྒྱུ་བྱུང་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་52ལ་སླེབས་པའི་པད་མ་རྒྱལ་མཚན་གྱིས་རང་ཁྱིམ་གྱི་སྒོ་རར་ཞིམ་མངར་ལྡན་པའི་ཇ་བསྲུབས་མ་འཐུང་གིན་མཁའ་དབྱིངས་ནས་གངས་སིམ་སིམ་འབབ་པར་ལྟ་བཞིན་ཡོད། ཀྲུང་གོའི་མི་འབོར་ཉུང་ཤོས་ཡིན་པའི་ཡུལ་སྨད་ཤང་གི་སྦྲག་སྐྱེལ་བ་གཅིག་པུ་དེས་འདི་ལོ་བཞིན་གྱི་ལོ་གསར་དལ་པོ་འདི་འདྲ་གཏོང་ཐེངས་དང་པོ་རེད།
          ཡུལ་སྨད་ཤང་མཐའ་བཞི་གངས་རིས་བསྐོར་ཅིང་རི་མཐོ་གཡང་གཟར་གྱི་རི་ལམ་དང་ལོ་ཕྱེད་དགུན་ཁ་ཡིན་པའི་ས་ཆ་དེ་གཞན་དང་འབྲེལ་ཐག་ཆོད་པའི་དབེན་པའི་གནས་སུ་གྱུར། པད་མ་རྒྱལ་མཚན་གྱིས་ས་ཆ་དེར་རང་ཉིད་ཀྱི་རྐང་པ་གཉིས་དང་རྟ་ཕོར་བརྟེན་ནས་གངས་རི་དང་རི་ལམ་ཕྲ་མོར་བསྐྱོད་དེ་ལོ་40ཙམ་བརྒྱུད་མྱོང་བའི་རྟ་ཐོག་སྦྲག་ལམ་ཞིག་བཏོད་ཡོད།
         1978ལོར་ལོ་13ལ་སླེབས་པའི་པད་མ་རྒྱལ་མཚན་ཡུལ་སྨད་དང་བར་ཐག་སྤྱི་ལེ་30ཡིས་ཆོད་པའི་རྩ་རི་ཤང་ཆུ་གསུམ་གྲོང་ཚོར་བསྡད་ཡོད། ལོ་དེར་ལོ་ན་གཞོན་པའི་པད་མ་རྒྱལ་མཚན་གྱིས་ཡུལ་སྨད་ཀྱི་སྦྲག་སྐྱེལ་བའི་ལས་ལ་ཞུགས། དེ་ནས་བཟུང་ཁོང་ཡུལ་སྨད་དང་ཕྱི་རོལ་འབྲེལ་བ་བྱེད་པའི“ཕོ་ཉ”ལྟ་བུར་གྱུར་པ་དང་ལས་ཀ་དེ་ཁོང་གིས་ལོ་40ཏག་ཏག་བྱས།
         ལས་ཀར་སྟབས་བདེ་ཡོང་ཆེད། པད་མ་རྒྱལ་མཚན་གྱིས་ཁྱིམ་ཡུལ་སྨད་དུ་སྤོས་པས་ཁོང་ཡུལ་སྨད་དུ་སྤོ་མཁན་སྔ་ཤོས་གྲས་སུ་གྱུར། ལོ་གཅིག་ལས་ཟླ་བ་དྲུག་ནས་བདུན་བར་གངས་འབབ་པར་བརྟེན་རླངས་འཁོར་གང་ཞིག་ཀྱང་ཡུལ་སྨད་དུ་ཐར་གྱི་མེད། དེས་ན་པད་མ་རྒྱལ་མཚན་གྱིས་རྟ་ཁྲིད་དེ་ཟླ་རེར་ས་བབ་སྨི་5000ཡོད་པའི་རི་ལ་ཐེངས་ལྔ་ཙམ་རྒྱག་པ་དང་སྐྱོད་ཐེངས་རེར་སྤྱི་ལེ་70ལྷག་ཙམ་འགྲོ་དགོས་ཀྱི་ཡོད།
         “རི་དེ་དང་ལམ་དེར་རྒྱུས་མངའ་ཆེ་ཤོས་ང་རེད”ཅེས་པད་མ་རྒྱལ་མཚན་གྱིས་བཤད།
         “ལམ་བར་དུ་ལྟོགས་ན་གངས་དང་རྩམ་པ་ཟ་བ་དང་ངལ་གསོ་སྐབས་རྟ་དང་སྐད་ཆ་ཤོད་ཀྱི་ཡོད” ཁོང་གི་ངོས་ནས་བརྗོད་ན། རྟ་བཞོན་རྒྱུ་དེ་ནི་འགྲན་སློང་ཆེ་ཤོས་ཀྱི་བྱ་བ་ཞིག་རེད། གང་ཡིན་ཞེ་ན་ཆུང་དུས་ཁོང་ཕྱུགས་འཚོ་སྐབས་རྟ་ནས་ལྷུངས་པས་རྐང་པ་གཅིག་ལ་ཆག་སྐྱོན་ཤོར་བ་རེད།
         “དེ་སྔ་ལམ་རྒྱ་ཆེ་ཤོས་ལའང་སྨི་3ལས་མེད། འོན་ཀྱང་འདི་ལོ་རི་ལམ་ཚང་མ་གསར་པ་བསྐྲུན་པས་ང་རྟ་ཁྲིད་ནས་ལ་རྒྱག་དགོས་མེད”ཅེས་པད་མ་རྒྱལ་མཚན་གྱིས་རང་ཁྱིམ་གྱི་ཐབ་ཀྱི་འགྲམ་དུ་བསྡད་ནས་གད་མོ་དགོད་བཞིན་བཤད།
         པད་མ་རྒྱལ་མཚན་གྱི་ངོས་ནས་བརྗོད་ན། འདི་ལོ་དགའ་ཚོར་ཆེ་ཤོས་ནི་རི་ལམ་གསར་པ་ཤར་གཏོང་ཐུབ་པ་དེ་རེད། “རྗེས་སུ་གངས་ཆེན་པོ་ཇི་ཙམ་བབས་ན་ཡང་རི་ལམ་འགག་པའི་སེམས་ཁྲལ་བྱེད་དགོས་མེད་ལ་སྦྲག་སྐྱེལ་རླངས་འཁོར་ཡང་གཟའ་འཁོར་རེར་ཤང་དུ་ཐེངས་རེ་སླེབས་ཐུབ་པས་ངའི་ལས་ཀ་སྐུར་དངོས་སྤྲོད་རྒྱུ་ལས་མེད”
         དེས་མ་ཚད། དུད་ཚང་8ཀྱི་ཡུལ་མི་ཚོར་དགུན་ཁར་ཡང་སྔོ་ཚལ་དང་ཤིང་འབྲས་སོས་པ་ཟ་རྒྱུ་བྱུང་ལ་ད་དུང་ཐག་རིང་ནས་བསྐུར་བའི་སྐུར་དངོས་ཀྱང་འབྱོར་ཡོད། ཁོང་གིས་ཁྱིམ་གྱི་རྟ་དེ་དག་ལ་ལྟ་བཞིན“རྗེས་སུ་ཁོ་ཚོ་ཡང་སྡུག་པོ་མྱོང་དགོས་མེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།