འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གསར་གྱི་མཁོ་ཆས་ཉོ་སྟངས་ལ་འགྱུར་ལྡོག་སོང་བ་ལས་དུས་རབས་ཀྱི་འཕེལ་རྒྱས་མཚོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཚེ་རིང་དོན་གྲུབ་ཀྱིས་ཇ་ཁང་ནང་དུ་ཇ་མངར་མོ་འཐུང་ཞོར་དུ་གསར་འགོད་པར་ལོ་བཅུ་ཕྲག་འགའ་ཤས་རིང་བོད་ཀྱི་ལོ་གསར་གྱི་མཁོ་ཆས་ཉོ་སྟངས་ལ་འགྱུར་ལྡོག་ཕྱིན་ཚུལ་བཤད།
          “དུས་རབས་གོང་མའི་ལོ་རབས་བདུན་ཅུ་པར་ང་ཚོས་ཅ་དངོས་ཉོ་འདོད་ན་དངུལ་ཡོད་པ་ཁོ་ནས་མི་འགྲིག སྐབས་དེ་དུས་རྐང་འཁོར་ཉོ་བར་རྐང་འཁོར་སྤ་སེ་དགོས་པ་དང་། རས་ཆ་ཉོ་བར་རས་ཀྱི་སྤ་སེ་དགོས”ཞེས་འདི་ལོ་དགུང་ལོ་73ལ་ཕེབས་པའི་རྒད་པོ་ཚེ་རིང་དོན་གྲུབ་ཀྱིས་བརྗོད།
         ཁོང་གིས“སྐབས་དེ་དུས་ནང་མི་ཚང་མ་འབྲོག་ཁུལ་དུ་འཚོ་བ་སྐྱེལ་གྱི་ཡོད་པས་ལོ་གསར་གཏོང་སྐབས་གྲ་རྒྱས་པོ་འདི་འདྲ་མེད། དགའ་ཉེ་སྤུན་མཆེད་འཛོམས་ཙམ་བྱས་ཏེ་ཚང་མས་རང་ཁྱིམ་གྱི་མར་དང་། ཚགས་ཤ་ལུག་ཤ། རྩམ་པ་སོགས་ཡག་ཤོས་རྣམས་བསྒྲིགས་ཀྱི་ཡོད”ཅེས་བརྗོད།
         སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། ཁྲོམ་རར་ཚོང་ཟོག་ཉིན་རེ་བཞིན་འབེལ་དུ་ཕྱིན་པ་དང་སྦྲགས་དེ་སྔའི་སྤ་སེ་ལྟར་བཅད་གྲངས་མཁོ་སྤྲོད་བྱེད་པའི་ཚོང་ཟོག་རྣམས་མི་ཚང་མར་མཁོ་སྤྲོད་བྱེད་ཀྱི་ཡོད་པས་ཁྱིམ་ཚང་ཚང་མས“ནོར་བུ”ལྟར་བརྩི་བའི་སྤ་སེ་སྣ་ཚོགས་རིམ་བཞིན་མི་རྣམས་ཀྱི་འཚོ་བའི་ཁྲོད་བེད་སྤྱོད་མེད་པར་གྱུར་ཡོད།
         2000ལོའི་གཡས་གཡོན་ཙམ་ལ་ཚེ་རིང་དོན་གྲུབ་ནང་མི་ཡོངས་འདམ་གཞུང་གི་འབྲོག་ཁུལ་ནས་ལྷ་སར་སྤོས་ཤིང་། ཁོང་གི་ངོས་ནས་བརྗོད་ན་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་རྣམས་མདོར་བསྡུས་ནས་བརྗོད་ན་སྟབས་བདེ་ཅེས་པའི་ཡིག་འབྲུ་གཉིས་པོ་དེ་ཡིན། ལོ་གསར་གྱི་མཁོ་ཆས་ཉོ་བདེ་བ་དང་ཕྲུ་གུ་ཚོར་གྱོན་ཆས་ཉོ་རྒྱུའང་སྟབས་བདེ་རུ་ཕྱིན་ཡོད། ཡིན་ནའང་ཁྱིམ་དུ་འཛིན་ཆས་ཆེ་ཙམ་ཉོ་དགོས་སྙམ་ན་སྟབས་བདེ་དེ་ཙམ་མེད།
         དྲ་སྦྲེལ་དུས་རབས་སུ་སླེབས་པ་དང་སྦྲགས་མི་རྣམས་མྱུར་ལ་སྟབས་བདེ་བའི་འཚོ་བ་སྐྱེལ་སྟངས་ལ་གོམས་པར་གྱུར་ཅིང་། “ཕྲུ་གུ་ཚོས་གློག་ཀླད་དང་ལག་ཐོགས་ཁ་པར་བྱང་ཆ་ལྡན་པའི་ངང་སྤྱད་དེ་མཛུབ་མོ་འགུལ་ཙམ་བྱས་ན་ལོ་གསར་གྱི་མཁོ་ཆས་ཚང་མ་ཉོ་ཐུབ་ཀྱི་འདུག ད་ཆ་ལག་རྩལ་དངོས་གནས་དཔེ་མི་སྲིད་པ་འདུག ཚོང་རར་བསྐྱོད་མི་དགོས་པར་ཅ་དངོས་ཁྱིམ་གྱི་སྒོ་རྩར་སྐྱེལ་གྱི་འདུག ཁྱེད་རང་གིས་བྱས་ན་དཔེ་མི་སྲིད་པ་རེད་མི་འདུག་གམ”ཞེས་ཚེ་རིང་དོན་གྲུབ་ཀྱིས་བརྗོད།
         “ད་ཆ་བོད་ལ་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་ཡོད་པས་ང་དང་གྲོགས་པོ་རྒན་རྒོན་ཚོས་དུས་རབས་ཀྱི་རྗེས་ཟིན་པ་མི་འདུག”ཅེས་ཚེ་རིང་དོན་གྲུབ་ཀྱིས་བརྗོད།
          སྤ་སེ་འཁྱེར་ནས་ཅ་དངོས་ཉོ་བ་ནས་ཁྲོམ་རར་ཅ་དངོས་རང་འདེམས་བྱེད་པའི་བར་དང་དེ་བཞིན“སོར་རྩེའི”ཉོ་སྒྲུབ་བར། བོད་ཀྱི་མི་སེར་གྱི་ལོ་གསར་མཁོ་ཆས་ཉོ་སྟངས་ལ་འགྱུར་ལྡོག་ཕྱིན་པ་ལས་དུས་རབས་ཀྱི་འཕེལ་རྒྱས་མཚོན་ཡོད་ལ་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་གོང་མཐོར་ཕྱིན་པའང་མངོན་ཡོད།
          ཚེ་རིང་དོན་གྲུབ་དང་ཇ་གྲོགས་ཚོ་ཇ་འཐུང་བ་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་དུ་དགའ་སྤྲོ་འཁོལ་བའི་དགོད་སྒྲའང་ཇ་ཁང་ཡོངས་སུ་ཁྱབ།
      

    ཕྱོགས་བསྡུས་གསར་འགྱུར།