འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ངོ་སྟོང་གི་བོད་ཀྱི་གསོ་བ་རིག་པ་དེང་རབས་ཚན་རྩལ་དང་ཟུང་དུ་སྦྲེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གངས་ལྗོངས་ས་མཐོར་དར་བའི་བོད་ཀྱི་གསོ་བ་རིག་པ་དེ་འཛམ་གླིང་གི་སྲོལ་རྒྱུན་གསོ་བ་རིག་པ་བཞིའི་གྲས་ཡིན་ཞིང་། ད་ཆ་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པའི་ལས་རིགས་ཀྱིས་དེང་རབས་ཀྱི་ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་དེང་རབས་སྤྱི་ཚོགས་སུ་སྲོལ་རྒྱུན་གྱི་གསོ་བ་རིག་པའི་གོ་སྐབས་གསར་པ་ཞིག་འཚོལ་བཞིན་ཡོད།
          “བོད་ཀྱི་གསོ་བ་རིག་པ་དེ་དེང་རབས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་དགོས་ན། དེང་རབས་ཅན་དུ་འགྱུར་རྒྱུ་ནི་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པས། དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་སྲོལ་རྒྱུན་གྱི་གསོ་བ་རིག་པར་འགྲེལ་པ་རྒྱག་དགོས”ཞེས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གི་འགན་འཁུར་བས་དེ་ལྟར་བཤད་ཅིང་། ཁོང་གིས“བོད་ཀྱི་གསོ་བ་རིག་པ་དེ་མཚོ་བོད་ས་མཐོ་ནས་འཛམ་གླིང་ལ་དར་སྤེལ་གཏོང་དགོས་ན་ངེས་པར་དུ་སྔར་བས་ཚན་རིག་དང་མཐུན་པ་དང་ཚད་ལྡན་ཅན་ཡོང་བ་བྱེད་དགོས”ཞེས་བཤད།
         མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་དུ་བཙུགས་པའི་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་གསར་བཟོའི་གཙོ་གནད་ཚོད་ལྟ་ཁང་གིས་བོད་ཀྱི་གསོ་རིག་སྨན་གཞུང་གི་རྨང་གཞིའི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་། སྨན་གསར་པ་ཞིབ་བཟོ། བོད་སྨན་ལ་དངོས་ཁམས་དང་རྫས་འགྱུར་གྱི་དབྱེ་ཞིབ་ཚད་ལེན་བརྟག་དཔྱད། བོད་སྨན་གྱི་ཞུ་རྗེས་ནུས་པར་བརྟག་དཔྱད། སྨན་གྱི་བཟོ་རྩལ་ཞིབ་འཇུག་དང་བདེ་འཇགས་ལ་དཔྱད་འདེམས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།
         ཚོད་ལྟ་ཁང་གིས་ཚན་ཞིབ་རྣམ་གྲངས་60ལྷག་ལེགས་སྒྲུབ་བྱས་པའི་ནང་། ཞིབ་འཇུག་པས་རིན་ཆེན་རིགས་ཀྱི་བོད་སྨན་ཨ་རུ་རྟགས་ཅན་གྱི་མུ་ཏིག་བདུན་ཅུ་བཟོ་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ནས་སྲོལ་རྒྱུན་གྱི་བོད་སྨན་རྩ་ཆེན་ཁྲོད་གཏེར་ཁའི་རིགས་སྤྱད་པ་ཡུན་རིང་བཏང་བ་དེའི་དུག་ཤེད་ཆེ་ཆུང་ལ་དབྱེ་ཞིབ་བྱས་པ་བརྒྱུད་གཏེར་ཁའི་རིགས་ཀྱི་སྨན་གྱིས་ནུས་པ་ཅི་ཐོན་ལ་འཚོལ་ཞིབ་བྱས་པ་རེད།
         ཚོད་ལྟ་ཁང་གི་ཞིབ་འཇུག་པས་ངོ་སྤྲོད་བྱས་དོན། ང་ཚོས་སྔོན་ཐོན་ལག་རྩལ་རྣམ་གྲངས་20ཙམ་ལས་གྲུབ་པའི་བོད་སྨན་ཧྲིལ་པོའི་སྤུས་ཚད་ལ་ཚོད་འཛིན་བྱེད་པའི་མ་ལག་བཙུགས་པ་དེས་བོད་སྨན་འདུལ་ཐབས་ཀྱི་རིག་པ་རྙོག་འཛིང་ཅན་གསལ་རྟོགས་བྱུང་ནས་རྒྱལ་ཁབ་རིམ་པའི་བོད་སྨན་གྱི་ཚད་གཞི་102བཟོས་པ་དང་མཐོ་རུ་བཏང་བ་དང་བོད་སྨན་འདུལ་ཐབས་264ཚད་ལྡན་ཡོང་བ་བྱས་པས་བོད་ཀྱི་གསོ་བ་རིག་པའི་ལས་རིགས་ལག་རྩལ་གྱི་ཆུ་ཚད་ཧྲིལ་པོ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་བོད་སྨན་གསར་བཟོའི་གཙོ་གནད་ཚོད་ལྟ་ཁང་བཙུགས་པའི་རྨང་གཞིའི་ཐོག་མཚོ་སྔོན་གྱིས་ཀྲུང་གོའི་མི་རིགས་ཀྱི་གསོ་རིག་རིགས་ཀྱི་ཁེ་ལས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་བོད་སྨན་གསར་བཟོའི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ཐོག་མ་དེ་འཛུགས་སྐྲུན་བྱེད་བཞིན་ཡོད། སངས་རྒྱས་ཀྱིས་ཚོད་ལྟ་ཁང་དེའི་གཤམ་འོག་ལ་ཞིབ་འཇུག་རྟེན་གཞི་10ཡོད་པའི་ཁྲོད་ཁག་གཅིག་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།