འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོའི་སྤུས་རྟགས"ལོ་རེ་བཞིན་གོ་ལ་ཧྲིལ་པོའི་མིང་གྲལ་གྱི་མདུན་དུ་སླེབས་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་ལིན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དབྱིན་ཇིའི་གྲགས་ཅན་བློ་འདྲི་ཀུང་སི་Brand Financeཡིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི“2018ལོའི་གོ་ལ་ཧྲིལ་པོའི་སྤུས་རྟགས་རྩེ་གྲ་500”ཡི་སྙན་ཞུ་ལས་མངོན་པར། ཀྲུང་གོའི་སྤུས་རྟགས་ཀྱི་མིང་གྲལ་ལོ་རེ་བཞིན་མདུན་་དུ་སླེབས་ནས་ལོ་10རིང་རིན་ཐང་ལྡབ་9ཙམ་འཕར་ཏེ་གོ་ལ་ཧྲིལ་པོའི་སྤུས་རྟགས་རྩེ་གྲ་500ཡི་རིན་ཐང་བཟུང་ཚད་3%ནས་15%བར་འཕར་ཡོད་པ་རེད།
         སྙན་ཞུ་ལས་མངོན་པར། 2018ལོར་ཀྲུང་གོའི་སྤུས་རྟགས་22གོ་ལ་ཧྲིལ་པོའི་སྤུས་རྟགས་རྩེ་གྲ་100ཡི་ནང་ཚུད་ནས་2017ལོ་དང་བསྡུར་ན་སྤུས་རྟགས་6མང་དུ་ཕྱིན་ཡོད་པ་རེད།
         དེ་དག་ནི་ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་། ཨ་ལི་པཱ་པཱ། ཀྲུང་གོ་སྒུལ་བདེ། ཀྲུང་གོ་དངུལ་ཁང་། རྒྱལ་ཁབ་གློག་དྲ། ཐེང་ཞུན། ཧྭ་ཝེ། ཀྲུང་གོ་ཞིང་ལས་དངུལ་ཁང་། ཕིང་ཨན། ཀྲུང་གོ་རྡོ་སྣུམ། ཀྲུང་གོ་བཟོ་སྐྲུན། ཀྲུང་གོ་གློག་འཕྲིན། ཀྲུང་གོ་རྡོ་སྣུམ་རྫས་འགྱུར། སྐད་འཕྲིན། མའོ་ཐའེ། པའེ་ཏུའུ། ཅིང་ཏུང་། ཚོང་འགུགས་དངུལ་ཁང་། ཧེང་ཏ་ཚོགས་པ། ཕུའུ་ཧྥ་དངུལ་ཁང་། ཝུའུ་ལེའང་ཡེ་བཅས་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིང་གྲལ་དེ་གཙོ་བོ་སྤུས་རྟགས་ཀྱི་སྟོབས་ཤུགས་དང་གསར་གཏོད་ནུས་པ་དང་། དེ་བཞིན་འབྱུང་འགྱུར་ཕྱིར་ཚོང་གི་སྔོན་དཔག་སོགས་ཕྱོགས་མང་པོར་གཞིགས་ཏེ་ཕྱོགས་བསྡུས་ངང་རྩིས་བརྒྱབ་ནས་ཐོན་པ་ཞིག་རེད།
         སྙན་ཞུའི་ནང་། “ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་གནས་སུ་འགྱུར་བ་དང་སྦྲགས། ཀྲུང་གོའི་སྤུས་རྟགས་ཀྱིས་མུ་མཐུད་ཧ་ལས་པའི་མྱུར་ཚད་ཐོག་ནས་ཨ་རིའི་སྤུས་རྟགས་ཀྱི་རིན་གོང་ཧེ་བག་ཆུང་དུ་གཏོང་བཞིན་ཡོད། དེ་ལས་ཀྲུང་གོའི་ཁེ་ལས་ཀྱིས་སྤུས་རྟགས་གཏོད་ཤུགས་ལ་མཐོང་ཆེན་དེ་བས་ཆེན་པོ་བྱེད་པ་དང་སྤུས་རྟགས་དེ་བས་གོ་ལ་ཅན་དུ་འགྱུར་བ་མཚོན་ཐུབ”ཅེས་འཁོད་ཡོད།
         “ཀྲུང་གོའི་སྤུས་རྟགས‘ཕྱིར་སྐྱོད’དགོས་པ་མ་ཟད། ད་དུང‘ནང་དུ་འཛུལ’ཐུབ་པ་དང‘གོང་དུ་སྐྱོད’ཐུབ་པ་དགོས། རིག་གནས་དང་། རིན་ཐང་། ཁེ་ལས་ཀྱི་འདུ་ཤེས་སོགས་རིམ་ངོས་སུ་གོ་ལ་ཧྲིལ་པོ་མཉམ་འགུལ་ཐུབ་པ་བྱེད་དགོས། ཁེ་ལས་ཀྱི་རང་བདག་སྤུས་རྟགས་གསར་གཏོད་དང་ཚན་རྩལ་ཡར་རྒྱས་འགྲོ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་དགོས་ལ། སྤུས་ཚད་དང་བཙོངས་རྗེས་ཀྱི་ཞབས་ཞུ་སོགས་ཕྱོགས་བསྡུས་རིན་ཐང་མཐོ་རུ་འགྲོ་ཐུབ་པ་བྱེད་དགོས་པའི་བླང་བྱ་འདོན་དགོས”ཞེས་པེ་ཅིང་དུས་རབས་གསར་པ་རྒྱལ་སྒྲོལ་ཀུང་སི་ཞིབ་འཇུག་སུའོ་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་གཞོན་པ་ཏིང་ཅིས་ཧྭ་ཡིས་བཤད།
         དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བ་དང་ཐག་རིང་གི་ཉི་ལུའོ་ཧོ་གཙང་འགྲམ་དུ་ཡོད་པའི་ཀྲུང་གོ་རྒྱལ་ཁབ་གློག་དྲའི་ཁོངས་གཏོགས་ཀྱི་ཀྲུང་གོ་གློག་ཤུགས་ལག་རྩལ་སྒྲིག་ཆས་ཀུང་སིའི་ཀྲུང་གོའི་ལས་མི་100ལྷག་ཙམ་གྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གློག་འདྲེན་འདུ་འགོད་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་ཆེད་ཨེ་ཅིབ་ཏུ་སྡོད་རྒྱུའི་སེམས་ཐག་བཅད། ལག་རྩལ་ཚད་གཞི་གཅིག་པའི་འོག་ཡུལ་དེའི་ལས་སྒྲུབ་ཆུ་ཚད་ལོ་རེར་སྤྱི་ལེ་200ཡིན་པ་དང་ཀྲུང་གོ་ནི་སྤྱི་ལེ་1200ཡིན་པ་རེད།
         སི་ཕེན་གྱི་《འཛམ་གླིང་ཚགས་པར་》ཐོག ལག་ཐོགས་ཁ་པར་ཕུད། ཟོག་འགྲེམས་དྲ་སྦྲེལ་དང་དྲ་ཐོག་ཚོང་པ་ཆེན་པོ་ཐེང་ཞུན་དང་ཨ་ལི་པཱ་པཱ་སོགས་གྲགས་ཅན་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཐོག་ཀྲུང་གོའི་སྙན་གྲགས་ཆེ་རུ་བཏང་བ་དང་། ཧའེ་འར་དང་། ཧའེ་ཤིན། མེ་ཏི་སོགས་ཁྱིམ་སྤྱོད་གློག་ཆས་སྤུས་རྟགས་ལའང་ཡོ་རོབ་ཀྱི་འཛད་སྤྱོད་པའི་ཡིད་ཆེས་ཐོབ་ཡོད། ཀྲུང་གོས“ཀྲུང་གོའི་ལན་པར”གཏོད་པའི་ཐད་གྲུབ་འབྲས་རགས་ཙམ་ཐོབ་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཀྲུང་གོར་འཛིན་པའི་ལྟ་སྟངས་ཀྱང་རིམ་བཞིན་ལེགས་སུ་ཕྱིན་ཡོད་ཅེས་པའི་དཔྱད་གཏམ་དེ་འདྲ་ཞིག་སྤེལ་ཡོད།
         གོམ་སྟབས་རྗེས་མར། ཀྲུང་གོས་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང“ཀྲུང་གོའི་ལན་པར་2025”བསྐྱར་དུ་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་ཐོན་རྫས་གྲངས་འབོར་ནས་སྤུས་ཚད་དང་ལས་ཕྱོད་དབར་དངོས་སུ་གོང་མཐོར་གཏོང་བ་དང་ཀྲུང་གོའི་ལན་པར་གྱི་སྤུས་ཚད་དང་ཀྲུང་གོའི་གསར་གཏོད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།