འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རོགས་སྐྱོར་གྱིས་ངའི་ལས་དབང་ལ་འགྱུར་ལྡོག་ཕྱིན་པར་ཐུགས་རྗེ་ཆེ་ཞུ། 

    —— ཧྥི་ཅིའི་ཨར་པོ་བ་ཨན་ཉི་ཤིས་ཀྱི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཧྥི་ཅིའི་ཨར་པོ་ཨན་ཉི་ཤིས་·ཝང་ཁ་ཐ་པེ་ལའེ་ཡིས་ཀྲུང་གོའི་རོགས་སྐྱོར་གྱིས་དམངས་འཚོར་ཕན་པ་ཐོབ་པ་དང་ངའི་ལས་དབང་ལ་འགྱུར་ལྡོག་ཕྱིན་སོང་ལ། ཧྥི་ཅིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་ཐེབས་སོང་ཞེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད། 
         ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་ཧྥི་ཅི་ཀུང་སིའི་གཞུང་ལས་ཁང་དུ་ལོ་25ལ་སོན་པའི་ཨན་ཉི་ཤིས“ཧྥི་ཀྲུང་རྒྱལ་ཁབ་གཉིས་ནི་གྲོགས་པོ་ཡག་པོ་ཞིག་རེད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་གཅེན་གཅུང་ལྟར་བརྩེ་དུང་ཟབ་མོ་ཡོད། འདས་ཟིན་པའི་ལོ་བཅུ་ལྷག་ཙམ་རིང་ཀྲུང་གོར་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཧྥི་ཅི་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱེད་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཅེས་ལྷག་བསམ་ཟོལ་མེད་ངང་གསར་འགོད་པར་བརྗོད། 
         ཀྲུང་ཧྥི་རྒྱལ་ཁབ་གཉིས་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ཡོད་པས་སྐྱིད་སྡུག་མཉམ་མྱོང་བྱེད་པའི་གྲོགས་པོ་ཡག་པོ་དང་གཉིས་ཕན་མཉམ་ལས་བྱེད་པའི་རོགས་ཟླ་ཡག་པོ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བརྟན་པོ་ཕྱིན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མིག་སྔའི་བར་ཀྲུང་གོས་ཧྥི་ཅིར་རྣམ་གྲངས་ཆ་ཚང་17དང་། ལག་རྩལ་རོགས་སྐྱོར་རྣམ་གྲངས་11 གཟིགས་སྐྱོང་དངུལ་བུན་རྣམ་གྲངས་4 དེ་བཞིན་དངོས་ཟོག་རོགས་སྐྱོར་རྣམ་གྲངས་27ལག་བསྟར་བྱས་ཡོད་པས་ཧྥི་ཅིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། 
         ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་ཧྥི་ཅི་ཀུང་སིར་ལས་ཀ་བྱས་རྗེས་ངས་ཀྲུང་གོའི་ལས་རིགས་གཅིག་པའི་ས་ནས་ཤེས་བྱ་མང་པོ་ཤེས་བྱུང་། ཨར་ལས་གང་ཡང་མི་ཤེས་པ་ཞིག་ནས་བྱང་གོམས་ཆེ་བ་ཞིག་ཏུ་གྱུར་བྱུང་། ད་ལྟ་ང་རང་ལག་རྩལ་བཟོ་པ་ཞིག་ཡིན། ངས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད་ཅེས་སྤོབས་པ་ཆེན་པོས་ཤོད་ནུས་པ་འདུག་ཅེས་ཨན་ཉི་ཤིས་གསར་འགོད་པར་བརྗོད། 
         ཨན་ཉི་ཤིས་ཧྥི་ཅིའི་རྒྱལ་ས་སུ་ཝའི་ཉེ་འཁོར་གྱི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་བསྡད་ཡོད་པ་དང་། ཁོང་གི་ཆུང་མར་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད། དམའ་རིམ་སློབ་འབྲིང་ཐོན་རྗེས་ཁོང་ཉ་གྲུའི་ནང་དུ་ལས་ཀ་བྱས་ནས་བསྡད། 2016ལོར་ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་སུའུ་ཝ་སི་ཏིང་སེན་ཟམ་པ་དང་ཝ་ཐུའུ་ཝ་ཁ་ཟམ་པའི་འཛུགས་སྐྲུན་རྣམ་གྲངས་སྐྲུན་འགོ་ཚུགས་རྗེས། ཨན་ཉི་ཤིས་ཟམ་པ་རྒྱག་པའི་ལས་གྲར་ཞུགས་པའི་ཧྥི་ཅིའི་བཟོ་པ་600ཡི་གྲས་ཤིག་ཏུ་གྱུར་ནས་ཀྲུང་གོའི་བཟོ་པ་40དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་འབད་བརྩོན་བྱས་ཏེ་དུས་ཡུན་ཟླ་18ཀྱི་དུས་ཡུན་རིང་ཧྥི་ཅིའི་མི་དམངས་ལ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་སྤུས་ཚད་མཐོ་བའི་ཟམ་པ་གཉིས་བསྐྲུན་ཡོད། དེའི་རིང་ཨན་ཉི་ཤིས་ལྕགས་རྩིབས་ལས་སྣོན་བྱེད་སྟངས་དང་། གློག་གི་ཚ་ལ་རྒྱག་སྟངས། དེ་བཞིན་དབོར་འདྲེན་རླངས་འཁོར་གཏོང་བ་སོགས་ཀྱི་རྩལ་ནུས་ཤེས་པ་མ་ཟད། ད་དུང་རུ་སྣེ་འཁྲིད་མཁན་དུ་གོ་གནས་འཕར་ཡོད། 
         ཧྥི་ཅིར་ཀྲུང་གོའི་ཨར་ལས་ཀུང་སིའི་གླ་ཆ་ས་ཆ་དེ་གའི་ཨར་ལས་ཀུང་སི་སྤྱིར་བཏང་ལས་ཀྱང་མཐོ་བ་ཡོད་པ་མ་ཟད། ད་དུང་ལས་མི་དང་ཁྱིམ་ཚང་ལ་ལྟ་རྟོག་ཆེན་པོ་བྱེད་ཀྱི་ཡོད་པས་ཨན་ཉི་ཤིས་དེར་ཧ་ཅང་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། ཁོང་གིས“ངས་ཟླ་རེར་ཧྥི་སྒོར་1000(ཨ་སྒོར་500ཙམ་)ལྷག་ཙམ་གསོག་ཐུབ་ཀྱི་འདུག ཀྲུང་གོའི་ཀུང་སིས་དུས་ཆེན་འཆར་རིམ་བཞིན་ང་ཚོར་འཚམས་འདྲི་བྱེད་ཀྱི་འདུག ང་ཚོའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་དུས་ཁྱིམ་དུ་འཚམས་འདྲི་བྱེད་པར་ཡོང་ནས་དུས་ཐོག་ཏུ་འཚོ་བའི་མཁོ་ཆས་སྤྲོད་ཀྱི་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད། 
         ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་བདེན་དཔང་བྱེད་མཁན་ཞིག་གི་ངོས་ནས་ཨན་ཉི་ཤིས་གཟི་བརྗིད་ལྡན་པའི་སྒོ་ནས་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་ཤིང་། ཁོང་གིས“ཀྲུང་གོས་ཧྥི་ཅིར་རོགས་སྐྱོར་བྱེད་པ་ནི་ལྷག་བསམ་དག་ལ་སྒེར་སེམས་མེད་པ་ཞིག་ཡིན་པ་དང་དམངས་འཚོར་ཕན་འདོགས་པས་ང་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་དང་། ད་དུང་ཁོང་གིས“ཀྲུང་གོའི་རོགས་སྐྱོར་རྣམ་གྲངས་མང་པོ་ཡོད་ལ་སྤུས་ཚད་འགན་ལེན་ཐུབ་ཀྱི་ཡོད། ང་རང་ཞུགས་པའི་ཟམ་ཆེན་རྣམ་གྲངས་དེ་གཉིས་ཀྱིས་སུ་ཝའི་འགྲིམ་འགྲུལ་གྱི་གནོན་ཤུགས་ལྷོད་དུ་ཆེན་པོ་ཕྱིན་ཡོད། ང་ཚོར་རོགས་རམ་བྱས་ནས་འགྲིམ་འགྲུལ་འཚང་ཁ་ཆེ་བའི་དཀའ་ངལ་ཆེ་བའི་གནད་དོན་ཐག་གཅོད་བྱས་པས་མི་སེར་ལ་དངོས་གནས་དྲང་གནས་ཀྱི་ཕན་པ་ཐོབ་ཡོད ”ཅེས་བརྗོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཡུང་ཤིང་གིས། 
      

    ཕྱོགས་བསྡུས་གསར་འགྱུར།