འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་སློབ་གྲྭའི"དྲ་རྒྱའི་སློབ་ཁང"གིས་ཀན་སུའུ་ཡི་སློབ་གསོའི་འཕེལ་རྒྱས་གསར་པར་
    སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ཐང་དང་། དཀར་ཆ་དོད་པའི་སློབ་ཁང་། གློག་རྡུལ་དཀར་པང་སོགས་ཤར་རྒྱུད་ས་ཁུལ་གྱི་སློབ་གྲྭར་སྔ་ས་ནས་མཐོང་ཆོས་སུ་གྱུར་པའི་སློབ་ཁྲིད་སྒྲིག་ཆས་ད་ཆ་ནུབ་བྱང་སྐམ་སའི་དབུས་ཁུལ་ཞིང་ཆེན་ཡིན་པའི་ཀན་སུའུ་ཡི་སློབ་གྲྭ་མང་དག་ཅིག་དང་ཐ་ན་གྲོང་གསེབ་ཀྱི་སློབ་གྲྭ་མང་དག་ཅིག་གི་ཚད་ལྡན་སྒྲིག་ཆས་སུ་འགྱུར་བཞིན་ཡོད།
         ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ལིན་ཐའོ་རྫོང་ལིན་ཐའོ་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་མ་ལི་ཝུན་ཆན་གྱིས་ང་རང་ཐའོ་དབྱང་དམའ་རིམ་སློབ་འབྲིང་འགྲིམ་སྐབས་སློབ་གྲྭའི་ལུས་རྩལ་ཐང་ཆེན་ནི་ས་རྡོའི་ལུས་རྩལ་ཐང་ཆེན་ཡིན་པས་རྒྱུག་ཤར་གློད་རྗེས་ལུས་པོ་ཚང་མ་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད། ད་ཆ་སློབ་གྲྭར་ལོག་སྐབས་དེ་སྔོན་གྱི་ལུས་རྩལ་ཐང་ཆེན་དུ་འགྱིག་སོབ་བཏིང་ཡོད་པ་དང་སློབ་ཁྲིད་ཀྱི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་པ་མཐོང་བྱུང་ཞེས་བཤད།
         གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། ལིན་ཐའོ་རྫོང་ཡུས་ཅིང་གྲོང་རྡལ་ཕན་སི་ཕིང་སློབ་ཁྲིད་ས་ཚིགས་སོགས་གྲོང་གསེབ་ཀྱི་སློབ་གྲྭར་ཡང“དཔེ་དེབ་ཁང”དང་། “བཀོལ་སྤྱོད་ལས་སྟེགས” “བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་གཞི་གཅིག་འཕྲུལ་ཆས”སོགས་སློབ་ཁྲིད་སྒྲིག་ཆས་ཡོད་པ་དང་། གྲོང་གསེབ་ཀྱི་ཕྲུ་གུ་ཚོས་ཀྱང་སྐྱིད་སྣང་དོད་པའི་སློབ་ཁྲིད་ཁོར་ཡུག་ཁྲོད་དེང་རབས་ཅན་གྱི་སློབ་ཁྲིད་ཡོ་བྱད་ལོངས་སུ་སྤྱོད་བཞིན་མཆིས།
         ཏིང་ཤིས་ས་ཁུལ་ཙམ་མ་ཡིན་པར་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲོང་གསེབ་ཀྱི་སློབ་གྲྭ་མང་པོའི་སློབ་ཁྲིད་སྒྲིག་ཆས་ཀྱང་ལེགས་བཅོས་ཆེན་པོ་བྱུང་ཡོད།
         ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་ངོ་སྤྲོད་བྱས་པར། ཀན་སུའུ་ཞིང་ཆེན་གྱིས་2014ལོར་ཕྱོགས་ཡོངས་ནས་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཤིང་། ལོ་བཞི་ལག་བསྟར་བྱས་པ་བརྒྱུད། ཀན་སུའུ་ཞིང་ཆེན་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་མི་རེའི་ཆ་སྙོམས་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་2.35ཙམ་རྒྱ་ཆེ་རུ་ཕྱིན་པ་དང་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ཆས་ཀྱང་ལེགས་བཅོས་ཆེན་པོ་བྱུང་ཡོད་ལ། སློབ་མ་རེར་སྒྲོག་ཙེ་དང་རྐུབ་སྟེགས་རེ་ཡོད་པའི་དམིགས་ཚད་མངོན་གྱུར་བྱུང་བ་མ་ཟད། Dརིམ་པའི་ཉེན་ཡོད་ཁང་པ་དང་ཞག་སྡོད་སློབ་མ་མུ་འབྲེལ་མལ་ཁྲིར་ཉལ་བའི་སྣང་ཚུལ་གཞི་རྩའི་ཆ་ནས་མེད་པར་གྱུར་ཡོད།
         སློབ་ཁྲིད་ཀྱི“མཁྲེགས་ཆས”སྒྲིག་ཆས་ཡག་ཏུ་སོང་ཡོད་མོད། ཡིན་ནའང་དགེ་རྒན་དང་ལྷག་པར་དུ་གླུ་གཞས་དང་། ལུས་རྩལ། རི་མོ་སོགས་བྱང་ཚད་སློབ་གསོའི་སློབ་ཚན་གྱི་དགེ་རྒན་མི་འདང་བ་ནི་དུས་ཡུན་རིང་པོའི་ནང་གྲོང་གསེབ་སློབ་ཁྲིད་འཕེལ་རྒྱས་ཁྲོད་ཐག་གཅོད་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་རེད།
         དེ་སྔོན་གྲོང་གསེབ་ཀྱི་སློབ་གྲྭ་ཁག་གཅིག་ལ་གློག་རྡུལ་དཀར་པང་སྒྲིག་སྦྱོར་བྱས་ཡོད་མོད། ཡིན་ནའང་བེད་སྤྱོད་བྱེད་ཚད་མཐོ་པོ་མེད། གློག་རྡུལ་དཀར་པང་དང་གཞི་གཅིག་འཕྲུལ་ཆས་སོགས་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས“སྒྲིག་ཆས”ཙམ་དུ་མི་འགྱུར་བ་དང་གྲོང་གསེབ་སློབ་གསོའི་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད་གྲོང་གསེབ་སློབ་གསོར“རོགས་སྐྱོར་དགེ་རྒན”དང“གཏན་འཇགས་མིན་པའི་དགེ་རྒན”ཕུད་པའི་གདམ་ག་གཞན་ཞིག་མཁོ་འདོན་བྱས་པ་ཏེ་ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་མང་པོ་ཞིག་ཏུ་དྲ་རྒྱའི་ཐད་གཏོང་སློབ་ཁྲིད་ཚོད་ལྟ་བྱེད་བཞིན་ཡོད་པ་རེད།
         ཏིང་ཤིས་གྲོང་ཁྱེར་ཨན་ཏིང་ཆུས་ལི་ཅ་པའོ་སློབ་ཁུལ་གྱི་སློབ་སྤྱི་ཧྲའོ་ཅིན་ཐང་གིས་ངོ་སྤྲོད་བྱས་པར། དེ་སྔོན་གངས་ཆེན་པོ་བབས་ནས་ལམ་འགག་སྐབས་ཕྱིར་ཡོད་པའི་དགེ་རྒན་སློབ་གྲྭར་ཡོང་མི་ཐུབ་སྟབས། ཐག་རིང་ལུང་ཁུག་ཏུ་ཡོད་པའི་སློབ་གྲྭ་མང་པོར་དགེ་རྒན་གཅིག་གིས་སློབ་ཚན་མང་པོ་མཉམ་དུ་ཁྲིད་དགོས་ཀྱི་ཡོད་པ་རེད།
         ཡིན་ནའང་ད་ཆ་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཡོད། “ད་ཆ་སློབ་གྲྭར‘ཡོངས་བསྒྲགས་སློབ་ཁང’ཡོད་པས་གངས་ཆེན་པོ་བབས་ནས་ལམ་འགག་ཀྱང་སློབ་ཕྲུག་ཚོས་ཆེད་ལས་དགེ་རྒན་དང་མཉམ་དུ་སློབ་སྦྱོང་བྱེད་ཆོག”ཧྲའོ་ཅིན་ཐང་གིས་ངོ་སྤྲོད་བྱས་པའི“ཡོངས་བསྒྲགས་སློབ་ཁང”ནི་དྲ་རྒྱ་དང་སློབ་ཁང་ནང་སྒྲིག་སྦྱོར་བྱས་པའི་བརྒྱུད་ལམ་སྣེ་མང་གི་གཞི་གཅིག་འཕྲུལ་ཆས་སོགས“འཛིན་གྲྭ་ཀུན་ཁྱབ”ཀྱི་སྒྲིག་ཆས་བརྒྱུད་གླུ་གཞས་དང་། ལུས་རྩལ། རི་མོ་སོགས་སློབ་ཚན་གྱི་དགེ་རྒན་མི་འདང་བའི་གྲོང་གསེབ་ཀྱི་སློབ་གྲྭ་དང་ཉེ་འཁོར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭ་འབྲེལ་མཐུད་བྱས་ནས་དྲ་རྒྱའི་སློབ་ཚན་ཐད་གཏོང་བྱེད་པར་ཟེར།
         ད་ཆ་ཏིང་ཤིས་གྲོང་ཁྱེར་ཨན་ཏིང་ཆུས་ཀྱི་སློབ་ཁུལ་19ཚང་མ་སྤྱིར་ན་དགེ་རྒན་མཉམ་སྤྱོད་ཀྱི་གྲས་སུ་བཅུག་ཡོད། ཧྲའོ་ཅིན་ཐང་གིས་ད་ཆ་ལི་ཅ་པའོ་གྲོང་རྡལ་གྱི་སློབ་ཁུལ་བཞིའི་སློབ་གྲྭ་28ཀྱི་སློབ་ཕྲུག་1800ལྷག་ཙམ་གྱིས་དྲ་རྒྱའི་ཐད་གཏོང་སློབ་ཚན་མྱོང་རོལ་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
         ལི་ཅ་པའོ་སློབ་ཁུལ་གྱི་དྲ་རྒྱའི་སློབ་ཁང་ད་བར་དུས་ཐུང་ལོ་ཕྱེད་ལས་གཉེར་མེད་རུང་ཡུལ་དེ་གའི་གྲོང་གསེབ་སློབ་གྲྭའི་སློབ་ཕྲུག་ཚོར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།