འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས"དབུལ་སྐྱོར་དལ་གཏོང་མེ་འཁོར"གཏོང་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “མེ་འཁོར་འདིའི་སྤ་སེའི་རིན་གོང་ཁེ་པོ་འདུག ང་ཚོ་ཞིང་འབྲོག་མང་ཚོགས་ངོས་ནས་བརྗོད་ན་དངོས་ནས་ཕན་ཐོགས་ཆེན་པོ་འདུག མེ་འཁོར་འདི་ང་ཚོ་ཞིང་ཆེན་དང་གྲོང་ཁྱེར་དུ་སྐྱོད་པའི་སྒེར་འཁོར་ལྟ་བུར་གྱུར་ཡོད”ཅེས་དཔྱིད་གསར་སྐྱེལ་འདྲེན་རིང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་ནས་ཡོང་བའི་འབྲོག་པ་ན་རེན་གྱིས་དགའ་ཚོར་ཆེན་པོས་བཤད། ཁོང་དང་ནང་མིས་ཟི་ལིང་ནས་ལོ་གསར་གྱི་མཁོ་ཆས་ཉོས་རྗེས་ཉིན་གཉིས་པའི་ཞོགས་པ་སྔ་པོ་ནས་ཟི་ལིང་མེ་འཁོར་བབས་ཚུགས་སུ་དུས་གཏན་མེ་འཁོར་བསྡད་ནས་ཁྱིམ་དུ་ལོག
         འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་བྱེད་འགོ་ཚུགས་རྗེས། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ཟི་ལིང་ནས་གོར་མོ་བར་གྱི་མེ་འཁོར་ཐེངས་གྲངས་7581/2ཀྱི“དབུལ་སྐྱོར་དལ་གཏོང་མེ་འཁོར”གཏོང་འགོ་ཚུགས་ཤིང་། དུས་གཏན་མེ་འཁོར་དེ་རྐུབ་སྟེགས་དཀྱུས་མའི་འཁོར་སྒྲོམ་གཉིས་དང་ཉལ་ཁྲི་དཀྱུས་མའི་འཁོར་སྒྲོམ་གཉིས་ལས་གྲུབ་པ་དང་། དུས་གཏན་མེ་འཁོར་གྱི་སྤ་སེའི་རིན་གོང་ཁེ་ཤོས་ལ་སྒོར་7ཡིན་ཞིང་། ལམ་བར་དུ་མདའ་བཞི་དང་། དཔལ་དགེ རྐང་ཚ། བྱ་གླིང་། ཝུའུ་ལམ་སོགས་བབས་ཚུགས་ཆུང་གྲས་20རུ་ཁ་བཀག་གི་ཡོད་པ་རེད། སྐྱེལ་འདྲེན་ལམ་ཚད་སྤྱི་ལེ་830ཟིན་པ་དང་སྐྱེལ་འདྲེན་དུས་ཡུན་ཆུ་ཚོད་10ལྷག་ཙམ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “དབུལ་སྐྱོར་དལ་གཏོང་མེ་འཁོར”སྐྱོད་ཡུལ་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་སོག་རིགས་དང་བོད་རིགས་མང་ཚོགས་འདུས་སྡོད་ཁུལ་ཡིན་པ་དང་། འདི་གར་འགྲིམ་འགྲུལ་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་སྟབས་དེ་སྔ་ལྕགས་ལམ་དེར་སྐྱོད་མཁན་འགྲུལ་སྐྱེལ་མེ་འཁོར་གཞན་དག་བབས་ཚུགས་ཆེན་པོར་མ་གཏོགས་ཁ་བཀག་གི་མེད་པས་ཐག་རིང་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་འགྲོ་སྐྱོད་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད། དེར་བརྟེན་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་རྒྱལ་ཁབ་ཀྱི“གནད་སྨིན་དབུལ་སྐྱོར”སྲིད་ཇུས་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ་ས་ཁུལ་དབུལ་པོའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་མེ་འཁོར་སྡོད་པའི་དོན་དངོས་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ནས་འཁོར་སྐྱོད་ཚོང་གཉེར་གྱོང་གུན་གྱི་གནས་ཚུལ་འོག་ད་ཐེངས་ཀྱི་སྤ་སེའི་རིན་གོང་ཁེ་བ་དང་། བབས་ཚུགས་ཆུང་གྲས་ཚང་མར་ཁ་བཀག་པ། མྱུར་ཚད་དལ་བ་བཅས་ཀྱི“དབུལ་སྐྱོར་དལ་གཏོང་མེ་འཁོར”ཆེད་མངགས་བཏང་བ་དང་ཆབས་ཅིག སྤ་སེའི་རིན་གོང་ཁེ་པོ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། ད་རེས་དུས་གཏན་མེ་འཁོར་བཏང་བ་དེ་ལས་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་ས་ཁུལ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་བློས་འགེལ་ཆོག་པའི་སྐྱེལ་འདྲེན་གྱི་འགན་ལེན་མཁོ་འདོན་བྱས་ཡོད།
         གཞན་ཡང་། ལམ་རྒྱུད་ཀྱི་མི་རིགས་ཁག་གི་མང་ཚོགས་མེ་འཁོར་དེར་སྡོད་རྒྱུར་སྟབས་བདེ་སྐྲུན་ཆེད། མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ད་དུང་ལམ་རྒྱུད་ཀྱི་བབས་ཚུགས་ཆུང་གྲས་སུ“བབས་ཚུགས་ནང་འཛུལ་བའི་བདེ་འཇགས་ཞིབ་བཤེར་སྔོན་ལ་བྱེད་པ་དང་དེ་ནས་སྤ་སེ་གསབ་པའི”དམངས་ཕན་ཞབས་ཞུའི་བྱེད་ཐབས་ཆེད་མངགས་བཏོན་པས“དབུལ་སྐྱོར་དལ་གཏོང་མེ་འཁོར”མཚོ་བོད་ས་མཐོའི“དམངས་ཕན་མེ་འཁོར”ཞིག་ཏུ་དངོས་སུ་གྱུར་བ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།