འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འཇིག་རྟེན་གྱི་ཚེ་སྲོག་ཚན་རིག་བར་བརྒལ་ཆེན་པོ་བྱུང་ཞིང་། ཀྲུང་གོར་རྒྱུད་བཤུས་སྤྲེའུ་གཉིས་ཐོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཇིག་རྟེན་གྱི་ཚེ་སྲོག་ཚན་རིག་བར་བརྒལ་ཆེན་པོ་བྱུང་ཞིང་། ཀྲུང་གོར་རྒྱུད་བཤུས་སྤྲེའུ་གཉིས་ཐོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་25ཉིན། 《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་》རུ་སྤུ་རྐང་གཅིག་ལ་བརྟེན་ནས་སྤྲེའུ་བརྒྱ་སྟོང་མང་པོར་སྤྲུལ་ཐུབ་པའི་ལྷ་སྒྲུང་དེ་ནི་ད་ལྟ་མངོན་དུ་གྱུར་པ་རེད། རྒྱུད་བཤུས་(clone)སྤྲེའུ"ཀྲུང་ཀྲུང"དང་དེའི་གཅུང་མོ"ཧྭ་ཧྭ"གཉིས་པོ་ཀྲུང་གོར་སྐྱེས་ནས་ཟླ་གཉིས་ལྷག་ཙམ་འདས། པེ་ཅིན་གྱི་དུས་ཚོད་ཟླ་1ཚེས་25ཉིན། དེ་གཉིས"བྱུང་རབས"སྐོར་རྒྱལ་སྤྱིའི་རིག་གཞུང་དུས་དེབ་གྲགས་ཅན་《ཕྲ་ཕུང་》ཞེས་པའི་ཐོག་ཏུ་བཀོད་ཡོད་པ་དང་། ཀྲུང་གོའི་ཚན་རིག་པས་ད་ལྟའི་ལག་རྩལ་ལ་བརྟེན་ནས་བློ་ལྡན་སྲོག་ཆགས་རྒྱུད་བཤུས་མི་ཐུབ་པའི་འཛམ་བུ་གླིང་གི་དཀའ་གནད་བར་བརྒལ་ཐུབ་ཡོད་པ་རེད། 
        གསར་འགོད་པས་ཀྲུང་གོའི་ཚན་རིག་ཁང་དབང་རྩའི་ཚན་རིག་ཞིབ་འཇུག་ཁང་གི་མི་མིན་བློ་ལྡན་སྲོག་ཆགས་ཀྱི་སྟེགས་བུ་ནས་རྒྱུད་བཤུས་སྤྲེའུ"ཀྲུང་ཀྲུང་”དང་དེའི་གཅུང་མོ"ཧྭ་ཧྭ"གཉིས་པོ་དྲོད་བསྲིངས་གློག་སྒམ་ནང་དུ་རྩེད་འཇོར་རོལ་བཞིན་པ་མཐོང་བ་དང་། གཅེན་མོ་ནི་གཅུང་མོ་ལས་ཉིན་10སྐྱེ་སྔ་ཞིང་། ཆེ་ཆུང་གི་དབྱེ་བ་ཙམ་མ་གཏོགས"གཅེན་གཅུང"གཉིས་ལ་གཞན་གྱི་ཁྱད་པར་མེད་པ། "གཅེན་གཅུང"གཉིས་པོའི་གཞི་རྒྱུ་ནི་མངལ་ཤོར་བའི་སྤྲེའུ་ཤི་རོལ་ཞིག་ལས་བྱུང་བ་སྟེ། ཚན་རིག་ཞིབ་འཇུག་པས་སྤྲེའུ་ཤི་རོ་དེའི་ཕྲ་ཕུང་ཕྲན་བུ་བླངས་ནས། ཕྲ་ཕུང་གི་སྙིང་པོ་དེ"ཕྱུང་བའི" ཁམས་དམར་ཕྲ་ཕུང་དུ"བཏབ་པ"དང་། དེ་ལས་གཞི་རྒྱུ་གཅིག་མཚུངས་ཀྱི་ཕྱི་རབས་པ་བྱུང་བ་བདང་། དེ་ནི་རྒྱུད་བཤུས་(clone)ཞེས་པ་འདི་ཡིན་པ་རེད། 
         འདི་ནི་རིགས་གཅིག་མཁས་པ་མང་པོས་མི་སྲིད་པར་འདོད་པའི་ལག་རྩལ་གྱི་བར་བརྒལ་གལ་ཆེན་ཞིག་ཡིན་པས། རྒྱལ་སྤྱིའི་ཕྲ་ཕུང་ནད་བཅོས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡུའེ་ཧན་·ལྭ་སི་ཁོ་ཡིས་ཀྲུང་གོའི་ཚན་རིག་མཁས་དབང་གི་གྲུབ་འབྲས་ལ"བློ་རིག་རྣོ་བའི་རྫས་འགྱུར་གྱི་ཐབས་དང་དཔྱད་ཐབས་ལ་བརྟེན་ནས། ལོ་མང་རིང་སྤྲེའུ་རྒྱུད་བཤུས་མི་ཐུབ་པའི་འགོག་རྐྱེན་སེལ་བ་རེད་”ཅེས་དཔྱད་བརྗོད་མཛད། 
         1996ལོར་རྒྱུད་བཤུས་ལུག"ཏུའོ་ལི"ཐོན་པ་ནས་བཟུང་སྟེ་ལོ་ངོ་20ཡི་རིང་ལ། རྒྱལ་ཁབ་ཁག་གི་ཚན་རིག་མཁས་དབང་གིས་ལུས་ཀྱི་ཕྲ་ཕུང་ལ་བརྟེན་ནས་བ་གླང་དང་། བྱི་བ། ཞི་མི། ཁྱི་སོགས་སྲོག་ཆགས་རྒྱུད་བཤུས་བྱེད་མྱོང་ནའང་། ད་བར་དུ་མི་དང་རིགས་འགྲེའི་མི་མིན་བློ་ལྡན་སྲོག་ཆགས་རྒྱུད་བཤུས་ཀྱི་དཀའ་གནད་སེལ་མ་ཐུབ་པ་རེད། ཚན་རིག་མཁས་དབང་གིས་ད་ལྟའི་ལག་རྩལ་ལ་བརྟེན་ནས་བློ་ལྡན་སྲོག་ཆགས་རྒྱུད་བཤུས་བྱེད་ཐབས་བྲལ་ཚུལ་ཡོངས་ཁྱབ་ཏུ་ངོས་བཟུང་ཡོད་པ་རེད། 
         ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་དབང་རྩའི་ཚན་རིག་ཞིབ་འཇུག་ཁང་གི་སུན་ཆང་ཚོགས་པས་ལོ་5རིང་འབད་བརྩོན་བྱས་མཐར། འཛམ་གླིང་གི་སྐྱེ་དངོས་རིག་པའི་མདུན་གྲལ་གྱི་དཀའ་གནད་འདི་བར་བརྒལ་ལམ་ལྷོང་བྱུང་བ་རེད། ལག་རྩལ་དེར་བརྟེན་ནས། ཚན་ཞིབ་ཚོགས་པས་སླད་ཕྱིན་ལོ་གཅིག་གི་རིང་། གཞི་རྒྱུ་སྡེབ་སྒྲིག་དང་རྒྱུད་འཛིན་གྱི་འབྱུང་གཞི་མཚུངས་པའི་དཔེ་དབྱིབས་ཀྱི་སྤྲེའུ་འབོར་ཆེན་གསོ་སྤེལ་བྱས་ཡོད་པ་རེད།
         ཀྲུང་གོའི་ཚན་རིག་ཁང་ཁོངས་དབང་རྩ་ཁང་གི་ཡོན་རམས་པ་འགོ་འཛིན་ཕུའུ་མོའོ་རྨིང་གིས་“འདི་ནི་འཇིག་རྟེན་གྱི་ཚེ་སྲོག་ཚན་རིག་ཁྱབ་ཁོངས་སུ་ཉེ་བའི་ལོ་འགའི་རིང་ལ་བར་བརྒལ་ཆེ་ཤོས་ཤིག་རེད་”ཅེས་གསུངས་ལ། སྤྲེའུ་རྒྱུད་བཤུས་ལམ་ལྷོང་བྱུང་བའི་ཐོག་ནས། ཨར་ཚི་ཧའེ་མོའོ་གཟའ་ནད་དང་། སེམས་སྦུག་དོག་ནད་སོགས་པའི་ཀླད་རྩའི་ནད་རིགས་དང་དེ་བཞིན་རིམས་ཐར་ཆད་སྐྱོན། སྐྲན་ནད། བརྗེ་ཚབ་ནད་རིགས་སོགས་པའི་རྐྱེན་རྩར་ཞིབ་འཇུག་དང་། ཐེ་ཇུས། ནད་བརྟག་སྨན་བཅོས་ལ་འོད་སྟོང་འཕྲོ་བའི་འཕེལ་ཕྱོགས་བཟང་པོ་སྔར་མེད་ཡོང་ཐུབ་ཀྱི་རེད། 
         སུན་ཆང་གིས། དེའི་ཐོག་ནས་ཀྲུང་གོས་མིའི་རིགས་ཀྱི་ནད་རིགས་ལད་མོའི་སྲོག་ཆགས་ཀྱི་དཔེ་དབྱིབས་སྔོན་ལ་འཛུགས་རྒྱུ་ཡིན་པ་མཚོན་པས། ཀླད་རྩའི་ནད་རིགས་དང་ཀླད་རྩའི་མཐོ་རིམ་ངེས་ཤེས་ཀྱི་ནུས་པར་ཞིབ་འཇུག་བྱེད་གལ་ཆེ་བའི་དགོས་མཁོ་བསྐོང་ཐུབ་ལ། སྨན་གསར་ཚད་ལེན་ཚོད་འཇལ་ཁྱབ་ཆེའང་བྱེད་ཐུབ་རྒྱུ་རེད་ཅེས་བརྗོད། 
    ༄༅།།འཇིག་རྟེན་གྱི་ཚེ་སྲོག་ཚན་རིག་བར་བརྒལ་ཆེན་པོ་བྱུང་ཞིང་། ཀྲུང་གོར་རྒྱུད་བཤུས་སྤྲེའུ་གཉིས་ཐོན་པ།
    ༄༅།།འཇིག་རྟེན་གྱི་ཚེ་སྲོག་ཚན་རིག་བར་བརྒལ་ཆེན་པོ་བྱུང་ཞིང་། ཀྲུང་གོར་རྒྱུད་བཤུས་སྤྲེའུ་གཉིས་ཐོན་པ།
      

    ཕྱོགས་བསྡུས་གསར་འགྱུར།