འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།“རྐང་པ་བཞི”ནས“འཁོར་ལོ་བཞིའི”བར་འགྱུར་ལྡོག་བྱུང་བ། 

    —— གྲོང་གསེབ་ཀྱི་གཞུང་ལམ་ལེགས་བཅོས་བྱས་པ་ལས་ཐེན་ཧྲན་ལྷོ་བྱང་གི་ཞིང་འབྲོག་པ་ཁྲི་ཚོ་བརྒྱ་ཕྱིར་སྐྱོད་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྐང་པ་བཞི་ཡི་བོང་བུ་ནས་འཁོར་ལོ་གཉིས་ཀྱི་རྐང་འཁོར་བར་དང་དེ་ནས་འཁོར་ལོ་གསུམ་གྱི་གློག་སྒུལ་སྦག་སྦག་དང་འཁོར་ལོ་བཞི་ཡི་སྤྱི་སྤྱོད་རླངས་འཁོར་བར་ཐེན་ཧྲན་ལྷོ་བྱང་གི་ཞིང་འབྲོག་པ་ཚོ་ཕྱིར་སྐྱོད་ཐད་ཆ་རྐྱེན་ལ་རིམ་པ་གསུམ་གྱི་འཕོ་འགྱུར་བྱུང་ཡོད། ད་ཆ་གྲོང་གསེབ་ཀྱི་གཞུང་ལམ་ཚང་མ་ཁྱིམ་གྱི་སྒོ་ཁར་བསྐྲུན་པ་དེས་ཞིང་འབྲོག་པ་ཁྲི་ཚོ་བརྒྱ་ཡི་སྡོད་ཁང་དང་ཕྱིར་སྐྱོད་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ད་དུང་ཞིང་འབྲོག་པའི་ཕྱུག་འགྱུར་གྱི་བསམ་བློ་དང་ཐབས་ལམ་ཡང་རྒྱ་ཆེར་ཕྱིན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད་པ་རེད།
          “སྐབས་དེ་དུས་ལམ་ཚང་མ་ཐལ་རྡུལ་ཡིན་པས་སྒོ་རྩར་ཇ་འཐུང་ནས་སྡོད་རྒྱུ་ལྟ་ཅི་ཐ་ན་ཁང་པའི་ནང་དུ་སྡོད་པར་ཡང་སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་དགོས་ཀྱི་ཡོད”ཀྲུང་ཧ་མཐའ་ཚམས་སུ་གནས་པའི་ཤིན་ཅང་ཧོ་ཁྲེང་རྫོང་ཆིང་ཧྲུའེ་ཧོ་གྲོང་རྡལ་ཨེར་ཏའོ་ཧོ་གྲོང་ཚོའི་མཱ་ཝུན་ལི་དེ་གར་འཚོ་བ་བསྐྱལ་ནས་ལོ་30ལྷག་ཙམ་ཕྱིན་པ་དང་ཁོང་གི་དྲན་ཤེས་ལ་གྲོང་ཚོའི་ལམ་འབར་རི་འབུར་རི་ཡིན་པ་མ་ཟད་ལྷག་པ་ཆེན་པོ་རྒྱག་སྐབས་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད་པས་ཕྱིར་སྐྱོད་སྐབས་བོང་བུ་དང་རྐང་འཁོར་ལ་བརྟེན་དགོས་ཀྱི་ཡོད་པ་རེད།
         2012ལོར་གྲོང་མི་ཚོའི་ཕྱིར་སྐྱོད་ཀྱི་དཀའ་ངལ་ཐག་གཅོད་བྱ་ཆེད། ཨེར་ཏའོ་ཧོ་གྲོང་ཚོའི་གྲོང་མི་དུད་ཚང་རེས་མ་དངུལ་སྒོར་200རེ་བཏོན་ནས་བསྡོམས་སྒོར་ཁྲི་6གྲབས་གསོག་བྱས་ཏེ་སྤྱི་ལེ་8ཡོད་པའི་བྱེ་རྡོའི་ལམ་བསྐྲུན་པ་རེད། དེ་རྗེས་ལོ་ཁ་ཤས་ལས་མ་སོང་བར་འགྲོ་ལམ་དེ་འཕྲོ་བརླག་ཚབས་ཆེན་ཕྱིན་པས་གྲོང་མི་ཁག་གཅིག་གིས་ཉོས་པའི་གློག་སྒུལ་སྦག་སྦག་ཀྱང་གཏོང་མཚམས་འཇོག་དགོས་ཐུག་ཡོད།
         ད་ཆ་གྲོང་ཚོའི་ནང་རྒྱ་ཆེ་ལ་ཁོད་སྙོམས་པའི་སྣུམ་ནག་ལམ་བཏིང་བ་དང་གཞུང་ལམ་གྱི་གཡས་གཡོན་དུ་ལྗོན་ཤིང་ཧའེ་ཐང་བཏབ་སྟེ་ཐག་རིང་པོ་ནས་བལྟ་དུས་ཁྲོམ་གཞུང་ཚང་མ་གཙང་ལ་གྲལ་འགྲིག་པ་ཞིག་ཡོད། ལོ་ཁ་ཤས་འཕེལ་རྒྱས་བཏང་བ་བརྒྱུད་ཨེར་ཏའོ་ཧོ་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཕྱིན་ནས་གློག་སྒུལ་སྦག་སྦག་ལམ་ཐོག་ཏུ་སྐྱོད་འགོ་ཚུགས་པ་མ་ཟད་སྤྱི་སྤྱོད་རླངས་འཁོར་ཡང་གྲོང་ཚོའི་ནང་མཐོང་རྒྱུ་ཡོད།
         མིག་སྔར་ཤིན་ཅང་དུ་ཁྱོན་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་3400དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་22690ཡོད་པ་དང་ཤང་གྲོང་གི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་99.9%ཟིན་ཡོད། འཕྲེད་གཞུང་སྤེལ་མ་དང་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པའི་གྲོང་གསེབ་ཀྱི་གཞུང་ལམ་གྱིས་ཞིང་འབྲོག་པའི་ཕྱིར་སྐྱོད་ཐད་སྟབས་བདེ་སྐྲུན་པ་མ་ཟད། ཤིན་ཅང་གི་མི་རིགས་ཁག་གི་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་ཡང་གྱུར་ཡོད་པ་རེད།
         ཤིན་ཅང་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གྲངས་གཞི་ལས་མངོན་གསལ། 2014ནས་2017ལོ་བར་ཐེན་ཧྲན་ལྷོ་བྱང་གི་གྲོང་གསེབ་གཞུང་ལམ་གསར་སྐྲུན་བྱེད་ཚད་སྤྱི་ལེ་54151ཟིན་པར་མ་དངུལ་སྒོར་དུང་ཕྱུར་564.71བཏང་ཟིན་པ་དང་ཤང་288དང་སྒྲིག་གཞི་ཚང་བའི་གྲོང་ཚོ་3046གི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་ཕྱིན་ནས་ཕན་པ་ཐོབ་མཁན་ཞིང་འབྲོག་པ་ཁྲི་648ཟིན་ཡོད་པ་རེད།
         ཤིན་ཅང་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཙུའུ་ལི་ཧྥེ་ཡ·ཨ་པུའུ་ཏུའུ་གཱ་ཏེའར་གྱིས་ཞིང་འབྲོག་པའི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་བཏང་ནས་ས་གནས་ཁག་གི་ཞིང་ལས་དང་ཡུལ་སྐོར་ལས་རིགས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་མ་གཏོང་ཆེད། ན་ནིང་ཤིན་ཅང་གིས་གྲོང་གསེབ་ཀྱི་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར་423.75བཏང་ནས་ལམ་ཐག་སྤྱི་ལེ་28400བསྐྲུན་ཟིན་ཡོད་པ་རེད། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཁྲོད་ས་གནས་དེ་གའི་ངར་ལྕགས་རྒྱུ་ཆ་དང་། ཨར་འདམ། སྣུམ་སྙིགས་བཅས་སྔོན་ལ་སྤྱད་དེ་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཡོད་ལ་ལས་ཞུགས་ཀྱི་གོ་སྐབས་ཀྱང་འབོར་ཆེན་བཏོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།