འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང་62ལ་ཁྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ས་སྲིབ་ཀྱི་དུས་སུ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་དམངས་ཡོངས་ལུས་སྦྱོང་ཐང་ཆེན་དུ་སྐྱོད་སྐབས་དཀར་ཆ་དོད་པའི་གློག་འོད་འོག་མི་ཁག་གཅིག་འཚང་ཁ་ཤིག་ཤིག་ངང་སྒོར་གཞས་འཁྲབ་པ་དང་། ཁག་གཅིག་གིས་ཕྲུ་གུ་ཁྲིད་ནས་འཆམ་འཆམ་བྱེད་བཞིན་ཡོད་པས་འཁྲུག་ཆ་ཧ་ཅང་དོད་པོ་འདུག ལོ་གཉིས་ཀྱི་ཚུན་དུ་བོད་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲའི་གྲོང་རྡལ་ཆུང་ཆུང་(ལྟེ་བའི་གྲོང་ཚོ)གི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་གློག་དྲ་གཙོ་བོ་ཁྱབ་པའི་ས་ཁོངས་རྫོང་62བར་མང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་རྫོང་ཁོངས་ལ་ཁྱབ་ཚད་84%ཟིན་ཏེ་གྲོང་རྡལ་ཆུང་ཆུང་(ལྟེ་བའི་གྲོང་ཚོ)3000ལྷག་ཙམ་གྱི་མི་ཁྲི་160ཙམ་གྱིས་བདེ་འཇགས་བློས་འཁེལ་དང་། གོང་ཁེ་ལུགས་མཐུན། བརྟན་ལ་སྤྱོད་གོ་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་གསེབ་གློག་དྲ་སྤྱོད་ཐུབ་པ་བྱུང་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། 2017ལོ་གོང་སྟེང་ཆེན་དང་། ལྷོ་རོང་། དཔལ་འབར་བཅས་རྫོང་གསུམ་ནི་ཁེར་རྐྱང་འཁོར་སྐྱོད་བྱེད་པའི་ཁག་འགྲེམས་རྫོང་ཁོངས་ཀྱི་གློག་དྲ་ཡིན་པ་དང་། ས་ཁོངས་ནང་གི་ཆུ་ཤུགས་གློག་ཁང་ཆུང་ངུ་དང་། འོད་ཤུགས། ཁྲའེ་ཡིའུ་སྣུམ་གློག་འདོན་ས་ཚིགས་ཆུང་གྲས་བཅས་ལ་བརྟེན་ནས་གློག་ཤུགས་མཁོ་འདོན་བྱེད་ཀྱི་ཡོད་པས་དུས་ཚིགས་རང་བཞིན་གྱི་གློག་མཁོ་འདོན་གྱི་འགལ་ཟླ་ཧ་ཅང་མངོན་གསལ་དོད་པོ་ཡོད། ལྷག་པར་དུ་དགུན་དུས་ཆུ་བྲི་བའི་དུས་སུ་རྫོང་དེ་གསུམ་གྱི་ཆུ་ཤུགས་གློག་ཁང་ཆུང་གྲས་ནས་གློག་གཏོང་ཚད་ཆ་སྙོམས་20%ནས་40%བར་ལས་ཟིན་གྱི་མེད་པ་དེས་ལས་ཁུངས་ཚན་པ་དང་། སྨན་ཁང་སོགས་སྤྱོད་མཁན་གལ་ཆེན་ཁག་གཅིག་གི་གློག་འགན་ལེན་བྱེད་ཐུབ་ཙམ་ལས་མེད་པས་ས་ཆ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཚོད་འཛིན་ནན་པོ་ཕོག་ཡོད་པ་རེད།
         རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀའོ་དབྱིང་ཡུན་གྱིས“བོད་ཀྱིས་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་119བཏང་བ་དེ‘ལོ་ལྔ་ཚན་བཅུ་གཉིས་པའི’རིང་བོད་ཀྱི་གྲོང་གསེབ་གློག་དྲ་འཛུགས་སྐྲུན་གྱི་མ་དངུལ་གཏོང་ཚད་བསྡོམས་འབོར་ལས་བརྒལ་ཡོད། དེ་ནི“དུད་ཚང་ཚང་མར་གློག་ཤར་གཏོང་ཐུབ་པའི”ལས་གྲྭ་དང་། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་རྗེས་ཀྱི་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་པ་མང་ཚོགས་ལ་ཕན་པ་ཐོབ་པའི‘དམངས་འཚོའི་ལས་གྲྭ’གཞན་ཞིག་ཡིན་པས་བོད་ལྗོངས་ཁུལ་གྱི་གྲོང་གསེབ་ཀྱི་གློག་དྲའི་གློག་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་དང་གློག་འདོན་ནུས་པ་ཆེ་རུ་དེ་བས་ཕྱིན་ཡོད”ཅེས་བརྗོད་ཀྱི་འདུག
         བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡངས་པ་ཅན་གནད་སྨིན་དབུལ་སྐྱོར་གྲུམ་བུའི་ནད་ཕོག་མཁན་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་བོད་བཟོའི་སྒོ་ར་ཆུང་ཆུང་གི་སྡོད་ཁང་སྟར་པ་མང་པོ་མིག་མདུན་དུ་མཐོང་རྒྱུ་ཡོད་པ་དང་། གཙང་ཞིང་སྙོམས་པའི་ཨར་འདམ་ལམ་བུ་ཡང་སྒོ་འགྲམ་བར་བཏིང་ཡོད། ནག་ཆུ་དང་ཆབ་མདོ་སོགས་ཀྱི་གྲུམ་བུའི་ནད་ཕོག་པའི་དུད་ཚང་དབུལ་པོ་150དེ་གར་བསྡད་ཡོད་པ་རེད།
         ནག་ཆུ་མཚེའུ་གཉིས་རྫོང་གི་འབྲོག་པ་ཚེ་རྡོར་གྱིས“དེ་སྔོན་སྡོད་སའི་ས་ཆར་ཉི་གློག་ཁོ་ནར་བརྟེན་དགོས་པས་ཉིན་ལྟར་ཆུ་ཚོད་གཉིས་གསུམ་ལས་སྤྱོད་ཐུབ་ཀྱི་མེད། གོས་འཁྲུད་འཕྲུལ་འཁོར་དང་འཁྱག་སྒམ་ཚང་མ་རྒྱུན་གཏན་བཞིན་བེད་སྤྱོད་བྱེད་ཐུབ་ཀྱི་མི་འདུག”ཅེས་བརྗོད་པ་དང་། ཁོང་གིས“བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་འཚོ་བའི་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་སོང་། ལྷག་པར་དུ་གློག་སྤྱོད་པའི་དཀའ་ངལ་ཐག་གཅོད་བྱུང་སོང་། ད་ལྟའི་ཁང་པ་རྒྱ་ཆེ་ཞིང་དཀར་ཆ་དོད་པོ་ཡོད་པ་མ་ཟད་ད་དུང་ང་ཚོར་བརྙན་འཕྲིན་དང་གློག་གི་ཆུ་སྐོལ་སའི་ཧུའུ་སོགས་ཀྱི་འཚོ་བའི་སྒྲིག་ཆས་ཁ་སྣོན་བྱས་བྱུང་། རང་ཉིད་ཀྱིས་ཀྱང་གོས་འཁྲུད་འཕྲུལ་ཆས་དང་འཁྱག་སྒམ་སོགས་ཉོས་པས་ཁྱིམ་སྤྱོད་གློག་ཆས་ཆ་ཚང་པོ་ཡོད། ཆུ་ཚོད་24ཡི་ནང་གང་འདོད་བེད་སྤྱོད་བྱེད་ཐུབ་ཀྱི་འདུག” ཅེས་དགའ་ཚོར་ཆེན་པོས་བརྗོད་ཀྱི་འདུག
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་གྲོང་རྡལ་ཆུང་ཆུང་(ལྟེ་བའི་གྲོང་ཚོ)གི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་གློག་སྐུད་འཁྲིད་ཡུལ་ཧྲིལ་པོར་ལས་ཡུལ་3300ལྷག་ཙམ་ཟིན་པ་དང་། མི་ཁྲི་4.1འཛུགས་སྐྲུན་ནང་ཞུགས་ཡོད། རིམ་རྩིས་ལྟར་ན་ཆན་ཧྥུའུ་110ཟིན་པའི་གློག་འདོན་ས་ཚིགས་46དང་། ཆན་ཧྥུའུ་35ཟིན་པའི་གློག་འདོན་ས་ཚིགས་131 ཆན་ཧྥུའུ་35ཡན་གྱི་གློག་ལམ་སྤྱི་ལེ་5051 ཆན་ཧྥུའུ་35ཟིན་པ་དང་དེ་ཡན་གྱི་གློག་སྒྱུར་ཤོང་ཚད་ཆན་ཧྥུའུ་ཨན་ཁྲི་128བཅས་གསར་སྐྲུན་དང་སྒྱུར་བཀོད་བྱས་ཡོད་པ་རེད། 2020ལོར་སླེབས་སྐབས་བོད་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང་(ཆུས)74ལ་སྔར་བས་ཁྱབ་པ་བྱ་རྒྱུ་དང་གློག་དྲ་གཙོ་བོའི་གློག་མཁོ་འདོན་ཐུབ་པའི་མི་གྲངས་ལྗོངས་ཡོངས་ཀྱི་མི་འབོར་གྱི་97%ལྷག་ཙམ་ཟིན་པ་བྱས་ཏེ་བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་གློག་ཤུགས་ཀྱི་འགན་ལེན་བརྟན་པོ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།