འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས"འཛད་སྤྱོད་རིམ་སྤོར་བྱ་སྤྱོད་ཀྱི་འཆར་གཞི"ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་དུས་འཚོགས་པའི་རྒྱལ་ཡོངས་ཚོང་དོན་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། འཛད་སྤྱོད་ཀྱི་དགོས་མཁོ་སྔར་བས་ཡག་པོ་སྐོང་བ་དང་དཔལ་འབྱོར་ཉོ་ཚོང་གི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད། ཚོང་དོན་པུས“འཛད་སྤྱོད་རིམ་སྤོར་བྱ་སྤྱོད་ཀྱི་འཆར་གཞི”ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         འདི་ལོ་ཚུན་རང་རྒྱལ་གྱི་རྒྱལ་ནང་འཛད་སྤྱོད་རྒྱུན་མཐུད་དང་མགྱོགས་མྱུར་འཕར་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་33.1ཟིན་ནས་དུས་མཚུངས་ལས་10.3%འཕར་ཡོད། དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.4ཟིན་ནས་32.4%འཕར་ཏེ་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ་དང་། ལོ་5ཡི་རིང་ཚོང་ཟོག་འཛད་སྤྱོད་གཞི་ཁྱོན་འཛམ་གླིང་གི་ཨང་གཉིས་པ་ཡིན་པ་རེད།
         མིག་སྔར་རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རའི་རིམ་སྤོར་འཕེལ་ཕྱོགས་མངོན་གསལ་དོད་ཅིང་། འཛད་སྤྱོད་པའི་སྤུས་ལེགས་ཞབས་ཞུའི་འཛད་སྤྱོད་ཀྱི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་པ་དང་རིམ་པ་མཐོ་འབྲིང་གི་འཛད་སྤྱོད་བསྡུར་ཚད་ཟམ་མི་ཆད་པར་འཕར་ཡོད། “འཛད་སྤྱོད་རིམ་སྤོར་བྱ་སྤྱོད་ཀྱི་འཆར་གཞི”ནི་ཚོང་དོན་པུས་དཔལ་འབྱོར་ཚོང་དོན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་འགྲུབ་རྒྱུར་བཏོན་པའི་འབྱུང་འགྱུར་ལོ་ལྔའི་འཛད་སྤྱོད་ཁྱབ་ཁོངས་ཀྱི་གཙོ་གནད་ལས་ཀའི་བྱ་ཐབས་ཤིག་ཡིན་པ་རེད།
         ཚོང་དོན་པུའི་ཁྲོམ་ར་འཁོར་རྒྱུག་སིའི་སི་ཀྲང་ཁྲེན་གོ་ཁའེ་ཡིས་ཚོང་དོན་པུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམངས་ཕན་འཛད་སྤྱོད་ཞབས་ཞུའི་ལྟེ་གནས་གཏོད་པ་དང་། རྒྱལ་སྤྱིའི་འཛད་སྤྱོད་ཀྱི་ལས་སྟེགས་གསར་པ་སྐྲུན་པ། ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། བློ་བདེའི་འཛད་སྤྱོད་ཁོར་ཡུག་གཏོད་པ་སོགས་ཕྱོགས་དྲུག་ཐད་ནས་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།
        “ཞབས་ཞུའི་འཛད་སྤྱོད་དེ་ཚོང་ཟོག་འཛད་སྤྱོད་ལས་མྱུར་བ་ནི་རྒྱལ་ཁབ་གཅིག་གི་འཛད་སྤྱོད་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་རེད” ཚོང་དོན་པུས་སླད་ཕྱིན་སྡེ་ཁུལ་གྱི་དམངས་ཕན་འཛད་སྤྱོད་ཞབས་ཞུའི་ལྟེ་གནས་མང་པོ་ཞིག་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། གྲངས་འཛིན་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྨང་གཞིར་བྱེད་པའི་ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཁྱིམ་ལས་ལས་རིགས་སོགས་ཀྱི་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་བཅས་ཡིན་ཞེས་ཚོང་དོན་པུའི་ཞབས་ཞུ་ཉོ་ཚོང་སིའི་སི་ཀྲང་ཤན་གོ་དབྱིས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།