འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་ལ་རྒྱབ་སྐྱོར་བྱས་
    ནས"ཁུལ་གསུམ་དང་ཀྲོའུ་གསུམ"ལ་གཟིགས་སྐྱོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཟླ་12ཚེས་26ཉིན་འཚོགས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་ཤེས་རྟོགས་བྱུང་བར། ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་《ཤིན་ཏུ་དབུལ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་འགྲིམ་འགྲུལ་གྱི་དབུལ་སྐྱོར་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་བསྟར་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།
         《ཇུས་གཞིའི་》ནང་2020ལོར་སླེབས་སྐབས་དུས་བཀག་ལྟར་སྒྲིག་ཚུད་གྲོང་ཚོར་ཨར་འདམ་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་སོགས་འགྲིམ་འགྲུལ་དབུལ་སྐྱོར་གྱི་མཐའ་སྐྱོང་རང་བཞིན་གྱི་དམིགས་ཚད་ལེགས་གྲུབ་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། 《ཇུས་གཞིས་》ལས་ཀའི་ལམ་སྲོལ་ཐད“ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ”བཅས་ཀྱི་དོ་དམ་སྒྲིག་སྲོལ་མཐའ་འཁྱོངས་བྱས་ནས་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”གི་དབུལ་སྐྱོར་བྱེད་སྟངས་མཐའ་འཁྱོངས་བྱ་རྒྱུ་དང་། སྲིད་ཇུས་བྱ་ཐབས་ཐད་མ་དངུལ་མང་དུ་གཏོང་བ་དང་རྣམ་གྲངས་མང་དུ་གཏོང་བ། བྱ་ཐབས་མང་དུ་གཏོང་བ་བཅས་བྱས་ཏེ་བོད་དང་། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ། ཤིན་ཅང་གི་ལྷོ་རྒྱུད་ས་ཁུལ་དང་ཀྲོའུ་བཞི་དང་སི་ཁྲོན་གྱི་ལེའང་ཧྲན་ཀྲོའུ་དང་། ཡུན་ནན་གྱི་རྒྱལ་མོ་རྔུལ་ཆུ་ཀྲོའུ། ཀན་སུའུ་ཀ་ཆུ་ཀྲོའུ་སོགས“ཁུལ་གསུམ་དང་ཀྲོའུ་གསུམ”ལ་གཟིགས་སྐྱོང་གཙོ་བོར་བྱ་རྒྱུ་ཡིན་པའི་ནང“ཀྲོའུ་གསུམ”གྱི་རྒྱལ་ཁབ་ཀྱི་འཆར་འགོད་ནང་བཅུག་པའི་གཞུང་ལམ་རྣམ་གྲངས་ཀྱི་རླངས་འཁོར་ཉོ་ཁྲལ་གྱི་ཁ་གསབ་རོགས་སྐྱོར་ཚད་གཞི་མཐོ་རུ་བཏང་སྟེ་བོད་རིགས་ས་ཁུལ་དང་གཅིག་མཚུངས་ཡོང་བ་བྱ་རྒྱུ་སྟེ། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་གཞིར་བཟུང་འཛུགས་སྐྲུན་སྒྲིག་སྦྱོར་ལས་གྲྭའི་འགྲོ་གྲོན་50%བཀོད་སྒྲིག་དང་། རྒྱལ་ཁབ་དང་ཞིང་ཆེན་ལམ་དཀྱུས་མར་རྣམ་གྲངས་འཛུགས་སྐྲུན་སྒྲིག་སྦྱོར་ལས་གྲྭའི་འགྲོ་གྲོན་ཚང་མ་བཀོད་སྒྲིག་བྱ་རྒྱུ། སྒྲིག་ཚུད་གྲོང་ཚོར་ཨར་འདམ་ལམ་བཟོ་བར་སྤྱི་ལེ་རེར་སྒོར་ཁྲི་70ཡི་ཚད་གཞི་ལྟར་ལག་བསྟར་བཅས་བྱ་རྒྱུ་རེད། གཙོ་གནད་ལས་འགན་ཐད་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དང་། རྒྱབ་ཁབ་དང་ཞིང་ཆེན་ལམ་དཀྱུས་མ། གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བཅས་ལ་སྔར་བས་སྐུལ་འདེད་མགྱོགས་མྱུར་བཏང་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་ཟོག་འདྲེན་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཐོག་གནས་གཏན་འཁེལ་གྱི་དབུལ་སྐྱོར་དང་འགྲིམ་འགྲུལ་གྱི“རིག་སྐྱོར”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་གྲོང་ཚོར་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་ལེགས་སུ་བཏང་ནས་མི་འབོར་ཅུང་མང་བའི་སྒྲིག་ཚུད་གྲོང་ཚོར(རང་བྱུང་གྲོང་ཚོ)ཨར་འདམ་ལམ་ཤར་གཏོང་བྱེད་པ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་གྲོང་ཚོ་དང་དུད་ཚང་དུ་གཟིགས་སྐྱོང་བྱེད་གང་ཐུབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།