འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ་གཉིས་རིང་གི་ཆེད་དོན་ལྟ་སྐུལ་བྱེད་སྒོ་
    བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཐིང་གིས་《དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་པ་ལས་མིའི་གླ་ཆ་འདེད་པའི་གནད་དོན་ཐག་གཅོད་ལ་རམ་འདེགས་བྱེད་པའི་སྐོར་གྱི་བརྡ་ཐོ་》བཏང་སྟེ། ཟླ་12ཚེས་15ཉིན་ནས་2018ལོའི་ཟླ་2ཚེས་15ཉིན་བར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་དུས་ཡུན་ཟླ་བ་གཉིས་རིང་གི་ཆེད་དོན་ལྟ་སྐུལ་གྱི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ནས་ཞིང་པ་ལས་མིའི་གླ་ཆ་འདེད་པའི་གནད་དོན་ཐག་གཅོད་ལ་རམ་འདེགས་ཧུར་ཐག་བྱས་ཏེ་ལོ་གཅིག་དཀའ་ལས་བརྒྱབ་པའི་ཞིང་པ་ལས་མི་གླ་ཆ་ཁྱེར་ནས་ཁྱིམ་ལ་ལོ་གསར་གཏོང་བར་འགྲོ་ཐུབ་པའི་འགན་ལེན་ཧུར་ཐག་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།
         《བརྡ་ཐོའི་》ནང་བསྟན་དོན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་འགན་ནུས་གང་ལེགས་སྤྱད་དེ་ཞིང་པ་ལས་མིར་དུས་ཐོག་ཏུ་གླ་ཆ་སྤྲོད་རྒྱུར་ལྟ་སྐུལ་བྱེད་དགོས་པ་དང་། འགན་འཁྲི་སྒྲུབ་རིང་མང་ཚོགས་རང་བཞིན་གྱི་དོན་རྐྱེན་ཐོན་སྲིད་པའི་ཞིང་པ་ལས་མིའི་གླ་ཆ་འདེད་པ་དང་བུ་ལོན་འདེད་པའི་གྱོད་གཞིའི་ཁུངས་སྣེ་ཤེས་རྟོགས་ཐུབ་རིགས་ལ་ཆ་མཚོན་ན། འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་འགལ་ཟླ་དང་ཉེན་ཁ་སེལ་བའི་ལས་དོན་ཡག་པོ་སྒྲུབ་པར་རང་འགུལ་ངང་གཞོགས་འདེགས་བྱས་ཏེ། དོ་བདག་གི་ངལ་རྩོལ་ཁྲུན་གཅོད་སྒྲིག་གཞིར་ཁྲུན་གཅོད་ཀྱི་རེ་འདུན་དང་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱེད་པའམ་ཡང་ན་སྤྲོད་དུ་འཇུག་པའི་བཀའ་གཏོང་བའི་རེ་འདུན་ཞུ་བ་སོགས་ཀྱི་བྱེད་སྟངས་སྤྱད་དེ་དབང་ཆར་བརྟེན་ནས་རྒུད་སྐྱོབ་བྱ་རྒྱུར་ཁྲིམས་ལྟར་རྒྱབ་སྐྱོར་བྱེད་དགོས་པ། དེ་དང་ཆབས་ཅིག་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ཁང་དང་ངལ་རྩོལ་ཁྲུན་གཅོད་སྒྲིག་གཞི་སོགས་དང་ཞིང་པ་ལས་མིའི་གླ་ཆ་འདེད་པ་དང་བུ་ལོན་འདེད་པའི་ཆ་འཕྲིན་སྤེལ་རེས་ཀྱི་མཉམ་སྤྱོད་ལམ་སྲོལ་བཙུགས་ཏེ་ཞིང་པ་ལས་མིའི་གླ་ཆ་འདེད་པ་དང་བུ་ལོན་འདེད་པའི་གྱོད་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་བཏང་ནས་ཞིང་པ་ལས་མིར་འགྱངས་ཆད་བྱས་པའི་གླ་ཆ་དང་ཐོབ་ཆ་དུས་ཐོག་ཏུ་ལེན་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས།
         《བརྡ་ཐོའི་》ནང་ནན་བཤད་བྱས་དོན། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་ས་གནས་སྲིད་གཞུང་དང་འབྲེལ་བ་ཡོད་པའི་རྣམ་གྲངས་དང་ཞིང་པ་ལས་མིའི་གླ་ཆ་འདེད་པ་དང་བུ་ལོན་འདེད་པའི་དམངས་དོན་དང་སྲིད་འཛིན་གྱོད་གཞི་འདྲི་གཅོད་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ས་གནས་སྲིད་གཞུང་དང་འབྲེལ་བ་ཡོད་པའི་རྣམ་གྲངས་དང་ལྷག་པར་དུ་དམངས་འཚོའི་འདུ་འགོད་ཀྱི་དམངས་དོན་དང་སྲིད་འཛིན་གཏུག་བཤེར་ལྟ་སྐུལ་གྱི་གྱོད་གཞི་གཅིག་སྡུད་ཐོག་ཞིབ་དཔྱོད་བྱེད་དགོས། དམངས་དོན་སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་བྱེད་པའི་ཁྲོད་ཞིང་པ་ལས་མི་སོགས་ཉམས་ཞན་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། བུ་ལོན་འཇལ་རྒྱུར་གཡོལ་བའམ་ཡང་ན་སྔོན་ལ་སྐྱིན་ཚབ་རག་ཐབས་བྱེད་པ་སོགས་ཞིང་པ་ལས་མིའི་མིང་ཐོག་ནས་ངལ་རྩོལ་གན་རྒྱའི་འབྲེལ་བའམ་ཡང་ན་ངལ་ལས་གན་རྒྱའི་འབྲེལ་བ་རྫུས་མ་བཟོས་ཏེ་གཏུག་བཤེར་རྫུས་མ་དང་ཁྲུན་གཅོད་རྫུས་མ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྔོན་འགོག་དང་བཀག་སྡོམ་བྱས་ནས་ཁྲིམས་འཛིན་དབང་གྲགས་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱིས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་དང་སྲིད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱེད་དགོས།
        《བརྡ་ཐོའི་》ནང་བླང་བྱ་བཏོན་དོན། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སོགས་སྲིད་འཛིན་སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་རྒྱུར་དོ་སྣང་བྱེད་དགོས་པ་དང་། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་གྱི་སྦྲེལ་མཐུད་ལས་སྟེགས་སོགས་ཀྱི་འབྲེལ་གཏུག་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ་སྲིད་འཛིན་ཁྲིམས་བསྟར་གྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བའི་ཉེས་དོན་ཞིབ་དཔྱོད་དང་། དམངས་དོན་ཞིབ་དཔྱོད། སྲིད་འཛིན་ཞིབ་དཔྱོད་བཅས་ཀྱི་མཉམ་ཤུགས་ཆེ་རུ་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།