༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་ཕྱོགས་གཏོགས་གང་རུང་
གིས་བྱེད་ཐབས་གང་རུང་ཐོག་ནས་སྤེལ་བའི"ཐའེ་དབན་རང་བཙན"གྱི་ཁ་ཕྲལ་བྱེད་སྤྱོད་
བསྒྲུབ་མི་ཐུབ་ཅེས་གསུངས་པ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 12ཚེས་29ཉིན། 13:22】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཨན་ཧྥུང་ཧྲན་གྱིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཕྱོགས་གཏོགས་གང་རུང་གིས་བྱེད་ཐབས་གང་རུང་ཐོག་ནས་སྤེལ་བའི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ཀྱི་ལྐོག་གཡོ་དང་བྱེད་ཐབས་ལ་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་དང་ལྐོག་གཡོ་དེ་བསྒྲུབ་མི་ཐུབ་ཅེས་གསུངས་པ་རེད།
ཨན་ཧྥུང་ཧྲན་གྱིས་མིག་སྔའི་ངོགས་གཉིས་ཀྱི་འབྲེལ་བར་དཔྱད་གཏམ་སྤེལ་སྐབས་ཉེ་དུས་ཐའེ་དབན་ཕྱོགས་ཀྱིས་སྤེལ་བའི་བྱ་བར་ང་ཚོས་དོ་སྣང་བྱེད་བཞིན་ཡོད། ན་ནིང“5·20”ཚུན་ཐའེ་དབན་དབང་འཛིན་ལས་ཁུངས་ཀྱིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ཁས་མ་བླངས་པ་མ་ཟད། ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་ཡང་ཁས་མ་བླངས་པར་ཕྱོགས་རྐྱང་པའི་ཐོག་ནས་ངོགས་གཉིས་ཀྱི་འབྲེལ་བའི་ཐུན་མོང་གི་ཆབ་སྲིད་རྨང་གཞིར་གཏོར་བཤིག་བཏང་བ་དང་ངོགས་གཉིས་ཀྱི་འབྲེལ་བར་གནོད་འཚེ་ཚབས་ཆེན་བཏང་བར་བརྟེན་མིག་སྔར་ངོགས་གཉིས་ཀྱི་འབྲེལ་བའི་དུས་བབ་ཉིན་བཞིན་རྙོག་འཛིང་ཆེ་རུ་དང་ཛ་དྲག་ཏུ་ཕྱིན་ཡོད། ཐའེ་དབན་དབང་འཛིན་ལས་ཁུངས་ཀྱིས་གང་འདྲ་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བ་ལེགས་སུ་གཏོང་རྒྱུར་བསམ་བློ་མི་གཏོང་བར་དེ་ལས་ལྡོག་སྟེ་ལྐུགས་པ་ཨུ་ཚུགས་ཀྱིས་ཕྱོགས་གཅིག་ནས་ཐའེ་དབན་ནང་ཁུལ་གྱི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་རྒྱ་ཡན་དུ་གཏོང་བ་དང་དེར་རྒྱབ་སྐྱོར་བྱས་ཏེ“ཀྲུང་གོ་ཅན་འདོར་བའི” “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་སྤེལ་བ་དང་། གཅིག་ཤོས་ནས་ཐའེ་དབན་ནང་ཁུལ་གྱི་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་མཁན་དང་།
ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་དང་ཞི་བའི་ངང་གཅིག་གྱུར་ཡོང་བའི་འདོད་ཚུལ་འཛིན་མཁན་སྟོབས་ཤུགས་དང་མི་སྣར་གཉའ་གནོན་དང་གནོད་འཚེ་བཏང་སྟེ་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ཐེ་ཇུས་དང་འགོག་རྐྱེན་བཟོ་བ་དང་ངོགས་གཉིས་དགྲ་ཁ་གཏད་དུ་ལངས་རྒྱུར་ངན་སྐུལ་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་གཏོར་བཤིག་གཏོང་གི་ཡོད། ངས་ཕྱོགས་གཏོགས་གང་རུང་གིས་བྱེད་ཐབས་གང་རུང་ལ་བརྟེན་ནས་སྤེལ་བའི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ཀྱི་ལྐོག་གཡོ་དང་བྱེད་ཐབས་ལ་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་རེད་ལ་ལྐོག་གཡོ་དེ་བསྒྲུབ་མི་ཐུབ་ཅེས་ནན་བཤད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཉིན་ཤས་གོང་ཐའེ་དབན་ཞིབ་བཤེར་བརྟག་དཔྱད་སྡེ་ཚན་གྱིས་ཏང་གསར་པའི་མི་སྣ་བཞིའི་སྡོད་གནས་སུ་བཙན་ཤེད་ངང་སྔོག་བཤེར་བྱས་པ་དང་འབྲེལ་ཁོང་ཚོ་ཁྲིད་ནས་འདྲི་རྩད་བྱས་ཡོད། ཨན་ཧྥང་ཧྲན་གྱིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱས་ཏེ་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་ནི་ཀྲུང་ཧྭ་བུ་ཕྲུག་ཚང་མའི་ཐུན་མོང་བསམ་འདུན་རེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡང་རེད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་མཁན་དང་། “ཐའེ་དབན་རང་བཙན”ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན། ངོགས་གཉིས་ཞི་བའི་ངང་གཅིག་གྱུར་ཡོང་བའི་འདོད་ཚུལ་འཛིན་མཁན། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་དང་དེར་སྐུལ་འདེད་ཧུར་ཐག་གཏོང་མཁན་བཅས་ཀྱི་ཐའེ་དབན་གྱི་སྲིད་ཏང་དང་། ཚོགས་པ། མི་སྣ་བཅས་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་ལན་བརྒྱབ་པ་རེད།