མི་དམངས་དྲ་བ།

༄༅།།སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུ་གཏན་འཁེལ་
དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་12ཚེས་27ཉིན་ཚོགས་འདུ་འཚོགས་ཏེ་ཕྱི་ལོའི་ཟླ་1པོར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུ་གཏན་འཁེལ་བྱས་ཤིང་། གྲོས་རིམ་གཙོ་བོ་ནི་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོར་གྲོས་བསྡུར་དང་ཞིབ་འཇུག་བྱ་རྒྱུ་དེ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལས་ཀའི་སྙན་སེང་ཉན་པ་དང་། 2018ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། རང་རེའི་ཏང་གིས་ངེས་པར་དུ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་སྤེལ་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཡུན་རིང་མཐའ་འཁྱོངས་བྱས་ཏེ་རུལ་རྒོལ་འཐབ་རྩོད་མཐར་ཕྱིན་པ་བྱེད་དགོས་པ་ལས་མཐའ་མ་འཁྱོལ་བ་གཏན་ནས་བྱ་རྒྱུ་མེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས་ལྟ་སྐུལ་ནན་ཏན་དང་། སྒྲིག་ཁྲིམས་ལག་བསྟར་ནན་ཏན། འགན་འཁྲི་བདའ་འདེད་ནན་ཏན་བཅས་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་གཙོ་རྐང་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པ་དང་བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་བྱེད་པ་དང་། སྒྲིག་ཁྲིམས་ཐོག་ནས་ཏང་སྟོབས་ཆེར་གཏོང་བ། ལམ་ལུགས་ཐོག་ནས་ཏང་སྐྱོང་བ་བཅས་ལ་དུས་མཉམ་དུ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་རང་བཞིན་དང་། གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་ཁྲིམས་དམ་ནན་དུ་གཏོང་བ་དང“ཡོད་པ་བདུན”ལ་དམིགས་ནས་ཏང་ལ་བློ་དཀར་གཞུང་དྲང་མི་བྱེད་མཁན་དང་། མངོན་བརྩི་ལྐོག་འགལ་གྱི“མགོ་གཉིས་མ” ཏང་གི་ཆབ་སྲིད་ལམ་ཕྱོགས་དང་འགལ་བ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་གནད་དོན་བཅས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་བགྲོད་བཀོད་པ་ལུང་དུ་འགྲོ་བ་བྱེད་དགོས། དཔེ་མཚོན་མིག་ལྟོས་དང་། གོང་དཔེ་འོག་སྟོན། སྙིང་རུས་གཏན་འཁྱོངས་བཅས་ཀྱི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། མཚམས་ཚིགས་རེ་རེ་བཞིན་བརྟན་སྲུང་དང་གནད་དོན་རེ་རེ་བཞིན་ཐག་བཅད་ནས་ཞིབ་ཕྲར་དམ་འཛིན་དང་། ཞན་ཆ་ཁ་གསབ། བསྐྱར་ལོག་སྔོན་འགོག་བཅས་བྱེད་པ་དང་། གཙོ་གནད་ཐོག་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་བྱེད་པ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པས་གུས་སྐྲག་ཤེས་པ་དང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་འཕེལ་བ་བྱེད་དགོས། རུལ་རྒོལ་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་ཕྱོགས་ཡོངས་ནས་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་ནན་པོ་བྱེད་པ། གཙོ་གནད་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཚོད་མི་ཟིན་མཁན་དང་མཚམས་མི་འཇོག་མཁན་དང་། གནད་དོན་ཁུངས་སྣེ་གཅིག་སྡུད་དང་མང་ཚོགས་ཀྱི་བསམ་འཆར་ཆེ་བ། ད་ལྟ་འགོ་ཁྲིད་མཁན་གལ་ཆེན་གྱི་ལས་གནས་ཐོག་ཡོད་པ་དང་ད་དུང་གནས་སྤར་བེད་སྤྱོད་བྱེད་སྲིད་པའི་འགོ་ཁྲིད་ལས་བྱེད་པ་ཞིབ་བཤེར་རྩད་གཅོད་བྱེད་པ། ཆབ་སྲིད་ཀྱི་གནད་དོན་དང་རུལ་སུངས་གནད་དོན་ཁེ་ཕན་སྤྲོད་རེས་ཐོག་ནས་ཕན་ཚུན་འབྲེལ་བ་ཡོད་པ་དང་། ཏང་ནང་ཁུལ་དུ་མི་སྒེར་གྱི་སྟོབས་ཤུགས་གསོ་སྐྱོང་བྱེད་པ། ཁེ་ཕན་ཚོགས་པ་སྒྲིག་པ་བཅས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་འགན་གཙང་སྒྲུབ་བྱས་ནས་རང་ངོས་ལྟ་སྐུལ་དང་རང་ཉིད་གཅུན་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། དྭངས་གཙང་ལྷད་མེད། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།
         དེ་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་སྒྲིག་བཤེར་གྱི་གཙོ་གནད་ལས་ཀའི་གནས་ཚུལ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་སེང་གསན་པ་རེད།
         ཚོགས་འདུའི་ཐོག་ཕྱི་ལོའི་ཟླ་1ཚེས་11ཉིན་ནས་13ཉིན་བར་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུར་མོས་མཐུན་བྱས་པ་རེད། ད་དུང་ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།