མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་དང་
བཀོད་འདོམས་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་དང་བཀོད་འདོམས་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་》བཀྲམ་ནས་2018ལོའི་ཟླ་1ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་12ནས་བཟུང་དྲག་ཆས་ཉེན་རྟོག་དཔུང་སྡེར་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་གཅིག་སྡུད་གཅིག་གྱུར་ངང་འགོ་ཁྲིད་བྱ་རྒྱུ་དང་ཀྲུང་དབྱང་དམག་ཨུད་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། དཔུང་སྡེའི་འགོ་ཁྲིད་བཅས་ཀྱི་བཀོད་འདོམས་སྒྲིག་གཞི་ལག་ལེན་བསྟར་རྒྱུ་རེད།
     《གཏན་འབེབས་》ནང་ཁ་གསལ་བཏོན་དོན། དྲག་ཆས་ཉེན་རྟོག་དཔུང་སྡེ་ཀྲུང་དབྱང་དམག་ཨུད་ཀྱི་སྒྲིག་གཞིའི་ཁོངས་སུ་གཏོགས་པ་ལས་ད་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་སུ་མི་འཇོག་རྒྱུ། དྲག་ཆས་ཉེན་རྟོག་དཔུང་སྡེ་འཛུགས་སྐྱོང་བྱེད་སྐབས་ཀྲུང་དབྱང་དམག་ཨུད་ཀྱིས་གཏན་འབེབས་བྱས་པའི་སྒྲིག་གཞིའི་འབྲེལ་བ་གཞིར་བཟུང་འགོ་ཁྲིད་སྒྲིག་འཛུགས་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་རིམ་ཁག་དབར་དེ་མཚུངས་ཀྱི་ལས་འགན་དགོས་མཁོ་དང་ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཛུགས་དགོས།
     《གཏན་འབེབས་》ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་། མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་མཐུན་སྦྱོར་དང་གཞོགས་འདེགས་ཧུར་ཐག་བྱེད་པ། འབྲེལ་ཡོད་ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་དང་བཀོད་འདོམས་སྒྲིག་གཞི་གོ་རིམ་ལྡན་པའི་ངང་བརྗེ་སྒྱུར་དང་འཁོར་རྒྱུག་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།