འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཐུམ་འབུའི་ནད་ཀྱིས་མནར་བའི་ནད་པ་འདེམས་བཤེར་དང་སྨན་བཅོས་ལ་
    རིན་པ་མི་དགོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་འགོད་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ་དུ། བོད་ལྗོངས་སུ་ད་ལོ་ཐུམ་འབུའི་ནད་པ་གཤག་བཅོས་སྨན་བཅོས་བྱས་གྲངས་1300ལྷག་ཙམ་ལེགས་སྒྲུབ་ཟིན་པ་དང་། ནད་པ་འདེམས་བཤེར་དང་སྨན་བཅོས་བྱེད་པར་མཁོ་བའི་འགྲོ་གྲོན་ཚང་མ་ནོར་སྲིད་གྱིས་བཏང་ནས"ནད་ཀྱི་རྐྱེན་པས་དབུལ་པོར་མི་འགྱུར་བར"བྱས་པ་རེད། 
         བོད་ལྗོངས་སུ་སྒྲིག་འཛུགས་བྱས་པའི་ཐུམ་འབུའི་ནད་འདེམས་བཤེར་ཁྲོད་དུ་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་གི་ཚུལ་ཁྲིམས་བཟང་མོར་ཐུམ་འབུའི་ནད་ཡོད་པ་ཤེས་ནས་འཕྲལ་མར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་བཀོད་སྒྲིག་བྱས་ནས་སྨན་བཅོས་དང་ལེན་བྱས་ཤིང་། དུས་ཡུན་ཆུ་ཚོད་9ལྷག་ཙམ་རིང་གཤགས་བཅོས་བྱས་ཏེ་བདེ་བླག་བྱུང་ནས། ནད་གཞི་དྲག་སྐྱེད་ཡག་པོ་བྱུང་བའི་ཚུལ་ཁྲིམས་བཟང་མོས"སྨན་ཁང་དུ་གཤག་བཅོས་བྱས་པ་ནས་སྨན་ཁང་ནས་ཕྱིར་མ་ཐོན་བར་དུ་སྒོར་མོ་གཅིག་ཀྱང་སྤྲོད་དགོས་མ་བྱུང་། སེམས་ཁྲལ་ཕྲན་བུ་ཙམ་ཡང་བྱེད་དགོས་མིན་འདུག"ཅེས་ཟེར།
         བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཕྱི་ནད་དཀྱུས་མའི་ཚན་ཁག་གི་ཀྲུའུ་རེན་ཅང་ཙུང་ཧྭ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། བོད་ལྗོངས་སུ་ཐུམ་འབུའི་ནད་གཤག་བཅོས་ཀྱི་ཉལ་ཁྲི་150བཀོད་སྒྲིག་བྱས་ཡོད། ད་ལོའི་འཆར་གཞིར་ཐུམ་འབུའི་ནད་གཤག་བཅོས་སྨན་བཅོས་1600ལྷག་ཙམ་ལེགས་སྒྲུབ་བྱེད་རྒྱུ་ཡིན་པ་དང་། མང་ཚོགས་ལ་ཐུམ་འབུའི་ནད་ཕོག་པ་ཤེས་ན། གོང་རིམ་སྨན་ཁང་དུ་བསྐྱོད་དེ་བོད་
    རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཀྱི་ཕྱི་ནད་ཚན་ཁག་དུ་སྨན་བཅོས་ཞིབ་བཤེར་ཆོག་མཆན་རེའུ་མིག་ཁྱེར་ནས་གཏན་འཁེལ་ས་ཚིགས་ཀྱི་སྨན་ཁང་དུ་རིན་མེད་སྨན་བཅོས་བྱས་ཆོག་ཅིང་། སྨན་བཅོས་གྲོན་དངུལ་འབྲེལ་ཡོད་ཚན་པས་གཅིག་གྱུར་ཐོག་བསྡོམས་རྩིས་རྒྱག་གི་ཡོད་པ་རེད། 
         བོད་ལྗོངས་ཀྱི་ས་གནས་དེ་གའི་ཐུམ་འབུའི་ནད་སྨན་བཅོས་གཤག་བཅོས་ཀྱི་ཚད་གཞི་དང་སྤུས་ཚད་གོང་མཐོར་གཏོང་ཆེད། ཤིན་ཅང་གསོ་རིག་ཚན་རིག་སློབ་གྲྭ་ཆེན་མོ་དང་པོའི་ཟུར་གཏོགས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་སོགས་སྨན་ཁང་གི་མཁས་པ་བཅུས་སྔ་རྗེས་སུ་བོད་ལྗོངས་ལ་ཐུམ་འབུའི་ནད་ཀྱི་ཕྱི་ནད་ཚན་ཁག་ཚད་ལྡན་ཅན་གྱི་ནད་བརྟག་སྨན་བཅོས་ལག་རྩལ་གསོ་སྦྱོང་གཉེར་ནས་བོད་ལྗོངས་ཀྱི་སྨན་པའི་གཤགས་བཅོས་ཆུ་ཚད་གོང་མཐོར་གཏོང་རོགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།