འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་གསེབ་སློབ་མའི་སློབ་གསོའི་འགྲོ་གྲོན་གྱི་གཏོང་སྒོ་ལོ་ལྔའི་རིང་ཕྱེད་ཀ་ཡན་
    འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར། ཟླ་12ཚེས་23ཉིན་ནོར་སྲིད་པུའི་པུའུ་ཀྲང་ཞའོ་ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཁབ་ནོར་སྲིད་སློབ་གསོའི་མ་དངུལ་བགོ་བཤའ་དང་བེད་སྤྱོད་བྱ་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་གནང་སྐབས་རང་རྒྱལ་གྱི་གྲོང་གསེབ་སློབ་མ་ཚང་མའི་སློབ་གསོའི་འགྲོ་གྲོན་གྱི་གཏོང་སྒོ་ཅུང་མགྱོགས་པོ་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ནས་གྲོང་གསེབ་ས་ཁུལ་དང་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཕྲུ་གུ་ཚོར་སྔར་བས་ལེགས་པའི་སློབ་ཞུགས་ཆ་རྐྱེན་ཐོབ་པ་དང་སྤུས་ཚད་མཐོ་བའི་སློབ་གསོ་དང་ལེན་བྱ་རྒྱུའི་གོ་སྐབས་སྔར་བས་མང་བ་ཐོབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2016ལོར་གྲོང་གསེབ་ཀྱི་དམའ་རིམ་སློབ་འབྲིང་དཀྱུས་མ་དང་། སློབ་ཆུང་དཀྱུས་མ། བུ་བཅོལ་ཁང་དཀྱུས་མ་བཅས་ཀྱི་སློབ་མ་ཚང་མའི་སློབ་གསོའི་འགྲོ་གྲོན་གཏོང་སྒོ་སྒོར་ཁྲི་1.44དང་། སྒོར་ཁྲི་1.08 སྒོར་ཁྲི་0.61བཅས་ཡིན་པ་དེ་2012ལོ་ལས་50.2%དང་། 51% 51.1%བཅས་སོ་སོར་འཕར་ཡོད། གྲངས་གཞི་ལས་མངོན་གསལ། ལོ་ལྔའི་རིང་རང་རྒྱལ་གྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ནས་80%ཡན་གྱི་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་གྱི་ཞོར་ཁྲིད་བུ་ཕྲུག་གིས་ཕ་མ་ལས་ཀ་བྱ་ཡུལ་གྱི་གཞུང་བཙུགས་སློབ་གྲྭར་འོས་འགན་སློབ་གསོ་དང་ལེན་བྱེད་ཀྱི་ཡོད། 2012ལོ་ཚུན་རྒྱལ་ཡོངས་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཀྱིས་རིམ་རྩིས་བྱས་ན་སློབ་མ་དུང་ཕྱུར་4.25ལ་རོགས་དངུལ་སྒོར་དུང་ཕྱུར་6981སྤྲད་ཡོད། རྒྱལ་དམངས་སྤྱི་ཡོངས་ཀྱི་སློབ་གསོ་དང་ལེན་བྱེད་ཚད་ནས་བལྟས་ཚེ། རང་རྒྱལ་གྱི་གསར་འཕར་ངལ་ནུས་ཀྱི་སློབ་གསོ་དང་ལེན་བྱེད་པའི་ཆ་སྙོམས་ལོ་ཚད་ལོ་13.3ཟིན་ཡོད། རང་རྒྱལ་དུ་མི་དུང་ཕྱུར་1.7གྱིས་མཐོ་རིམ་སློབ་གསོ་དང་ལེན་བྱེད་མྱོང་བ་དང་གསར་དུ་འཚར་ལོངས་ཡོང་བཞིན་པའི་ངལ་ནུས་ཁྲོད་མཐོ་རིམ་སློབ་གསོ་དང་ལེན་བྱེད་མཁན་གྱི་བསྡུར་གྲངས་45%ལས་བརྒལ་ཡོད།
         དེས་ན་སློབ་གསོ་པུའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི་བྱང་ཤར་དགེ་འོས་སློབ་ཆེན་ཀྲུང་གོའི་གྲོང་གསེབ་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝུའུ་ཀྲེ་ཧུའེ་ཡིས་གྲོང་གསེབ་ཀྱི་སློབ་གསོར་ཚད་མཐོའི་མཐོང་ཆེན་དང་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུ་དང་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་མི་ཤུགས་མ་རྩའི་འགྲན་ནུས་ཆེ་རུ་འགྲོ་རྒྱུ་དང་ཡང་འབྲེལ་བ་ཡོད་པའི་ངོས་འཛིན་བྱས་པ་རེད།
         “གྲོང་གསེབ་ཀྱི་སློབ་གསོ་ནི་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། གྲོང་གསེབ་ཀྱི་སློབ་གསོ་དེང་རབས་ཅན་དུ་གྱུར་ན་རྒྱལ་ཁབ་ཀྱི་སློབ་གསོ་དེང་རབས་ཅན་དུ་འགྱུར་བ་དང་། གྲོང་གསེབ་ཀྱི་སློབ་གསོ་སྟོབས་ཆེར་འགྱུར་ན་རྒྱལ་ཁབ་ཀྱི་སློབ་གསོ་ཡང་སྟོབས་ཆེར་འགྱུར་ཐུབ”རང་རྒྱལ་གྱི་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་དམིགས་ཚད་ཁག་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་ཅེས་ཝུའུ་ཀྲེ་ཧུའེ་ཡིས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།