འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བཅའ་ཁྲིམས་བཟོས་ནས་རུལ་རྒོལ་གྱི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་མཉམ་
    ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་བཅའ་ཁྲིམས་ཀྱི་འཆར་ཟིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་གྲོས་ཞིབ་བྱ་རྒྱུའི་རེ་ཞུ་ཐོག་མར་བཏོན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་རང་རྒྱལ་གྱི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྒྲིག་སྲོལ་ཚད་ལྡན་དུ་བཏང་ནས་རྒྱལ་མཚམས་ལས་བསྒྲལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ཡིན་པ་རེད།
         རྒྱལ་སྤྱིའི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་བཅའ་ཁྲིམས་ནི་རུལ་རྒོལ་ཐད་ཀྱི་རྒྱལ་ཁབ་ཁྲིམས་འཛུགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧྥུའུ་ཡིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་གསལ་བཤད་གནང་སྐབས། ནང་དོན་ཅུང་ཚ་ཆང་བ་དང་སྤྱོད་གོ་ཆོད་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་བཅའ་ཁྲིམས་ཤིག་བཟོ་རྒྱུ་དེས་རང་རྒྱལ་གྱི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྒྲིག་སྲོལ་ཚད་ལྡན་དུ་གཏོང་རྒྱུ་དང་། འཐུས་སྒོ་ཚང་དུ་གཏོང་རྒྱུ། ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་ཀྱི་རྒྱལ་སྤྱིའི་མཉམ་ལས་བཅའ་ཁྲིམས་ཀྱི་སྟོང་ཆ་བསྐང་རྒྱུ། བྲོས་འདེད་དངུལ་འདེད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ལ་ཕན་པ་ཡོད་པས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།
         ཧྥུའུ་ཡིང་གིས་རྒྱལ་མཚམས་བསྒྲལ་བའི་ཉེས་གསོག་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་བ་དང་རུལ་རྒོལ་གྱི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་རྒྱལ་དང་འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དབར་གྱི་སྤེལ་རེས་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་དུ་གྱུར་ཡོད། རྒྱལ་མཚམས་ལས་བསྒྲལ་བའི་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་རྒྱུ་དེ་རྒྱལ་ཁབ་དབར་མཉམ་ལས་དམ་ཟབ་བྱ་རྒྱུ་དང་ཁ་བྲལ་ཐབས་མེད་པས་འབྲེལ་ཡོད་རྒྱལ་སྤྱིའི་ཆིངས་ཡིག་གི་འོས་འགན་ལག་བསྟར་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།
         ཧྥུའུ་ཡིང་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་བཅའ་ཁྲིམས་འཆར་ཟིན་དེས་འདས་ཟིན་པའི་ལོ་30ལྷག་ཙམ་རིང་སྤེལ་བའི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་ལས་དོན་གྱི་ལག་ལེན་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་རང་རྒྱལ་དང་ཕྱི་རྒྱལ་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་ལ་དགོས་ངེས་ཀྱི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པར་དམིགས་ཏེ་མཉམ་ལས་ནང་གི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་ཕྱོགས་སྟོན་དུ་འཛིན་པ་དང་རུལ་རྒོལ་གྱི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་འཛིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།