འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ཚང་མ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་ཐུབ་ཆེད།

    —— རང་རྒྱལ་གྱི་སྡེ་ཚན་མང་པོས་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུར་མཉམ་དུ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པ་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཕུགས་འདུན་ཞིག་ཡིན་པས། མི་རིགས་56གཅིག་ཀྱང་ལུས་མི་རུང་།
         ཉིན་ཤས་གོང་འཚོགས་པའི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐོག་སྡེ་ཚན་མང་པོའི་འབྲེལ་ཡོད་འགན་འཁུར་བས་གཏམ་བཤད་སྤེལ་ནས་འདས་ཟིན་པའི་དུས་མཚམས་གཅིག་རིང་གི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་དང་འབྲེལ་དུས་རབས་གསར་པའི་མི་རིགས་ས་ཁུལ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བའི་ཐད་དམིགས་སའི་རང་བཞིན་གྱི་སྲིད་ཇུས་དང་བྱ་ཐབས་བཏོན་ཡོད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མི་རིགས་ས་ཁུལ་ལ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ནས་ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་མཛུབ་ཁྲིད་དང་། ཡུན་ནན་དང་། ཤིན་ཅང་། ནང་སོག་སོགས་མཐའ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་རྒྱལ་ནང་དང་རྒྱལ་སྤྱིའི་ས་ཁོངས་ཀྱི་མཉམ་ལས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྟན་ཡོད།
         སློབ་གསོ་པུས་2017ལོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པ་དང་། མི་རིགས་ས་ཁུལ་གྱི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཁྲི་2.4གདན་ཞུར་རྒྱབ་སྐྱོར་བྱས་པ་དང་། མི་རིགས་ས་ཁུལ་གྱི་དགེ་རྒན་མི་ཐེངས་ཁྲི་50ལ་གསོ་སྦྱོང་བྱས་པ། མི་རིགས་ས་ཁུལ་གྱི་རྫོང་338ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཁྱོན་ཡོངས་ལ་ཁྱབ་ནས་གྲོང་གསེབ་ཀྱི་དགེ་རྒན་ཁྲི་37.1ལ་ཕན་པ་ཐོབ་ཡོད། གོམ་སྟབས་རྗེས་མར་དགེ་རྒན་གྱི་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གི་ཆུ་ཚད་དང་སློབ་ཁྲིད་ནུས་པ་མུ་མཐུད་མཐོ་རུ་བཏང་སྟེ་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ཐོག་ནས་སློབ་དེབ་རྩོམ་སྒྱུར་དང་། ཞིབ་བཤེར་གཏན་འབེབས། པར་སྐྲུན་བཅས་ཀྱི་དོ་དམ་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།
         ནོར་སྲིད་པུས་མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོ་གོང་སྤེལ་དང་ལེགས་སུ་གཏོང་རྒྱུ་དེ་བདེ་སྐྱིད་བསྐྲུན་རྒྱུར་བརྩིས་ནས་ཧེ་བག་ཅན་གྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ཡོད། 2017ལོར་མི་རིགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་ནོར་སྲིད་ཀྱིས་ཆེད་དམིགས་དབུལ་སྐྱོར་གྱི་མ་དངུལ་ཁྱོན་སྒོར་དུང་ཕྱུར་367.3བཀོད་སྒྲིག་བྱས་པ་དེས་རྒྱལ་ཡོངས་སྤྱི་འབོར་ཀྱི་43%བཟུང་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་ཁྲོད་ནས“གྲངས་ཉུང་མི་རིགས་འཕེལ་རྒྱས”ཐད་རྒྱབ་སྐྱོར་བྱ་རྒྱུར་སྒོར་དུང་ཕྱུར་55.5བཏང་བ་དེ་དུས་མཚུངས་ལས་21%འཕར་ཡོད།
         གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སོགས་ཀྱིས་མི་རིགས་ས་ཁུལ་གྱི་དམངས་འཚོ་ལེགས་སུ་གཏོང་བའི་ཐད་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། སྡོད་ཁང་འཛུགས་སྐྲུན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མི་རིགས་ས་ཁུལ་གྱི་དུད་ཚང་དབུལ་པོའི་སྡོད་ཁང་གི་བདེ་འཇགས་གནད་དོན་ཐག་གཅོད་བྱ་ཆེད། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་མ་དངུལ་གྱི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་2017ལོར་མ་དངུལ་སྒོར་དུང་ཕྱུར་125.2བཏང་ནས་གྲངས་ཉུང་མི་རིགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་དུད་ཚང་དབུལ་པོ་ཁྲི་82.84ཡི་ཉེན་ཁང་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་པ་དེས་དུས་མཚུངས་ཀྱི་རྒྱལ་ཡོངས་ཀྱི་ཁ་གསབ་རོགས་སྐྱོར་མ་དངུལ་དང་ལས་འགན་སྤྱི་འབོར་གྱི་47%དང་43%སོ་སོར་བཟུང་ཡོད། དུས་མཚུངས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་ལ་གཞོགས་འདེགས་བྱས་ནས་མི་རིགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་599བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁྲི་136སྒྱུར་བཀོད་བྱས་པ་དང་སྒྱུར་བཀོད་ཀྱི་སྲིད་ཇུས་ཁྱབ་ཁོངས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་རྡལ་བར་རྒྱ་ཆེར་བཏང་ཡོད་ཅེས་བཤད།
         རང་རྒྱལ་གྱི་སྤྱི་ཚོགས་གྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་སྦྲགས། མི་རིགས་ས་ཁུལ་གོམ་སྟབས་གཅིག་མཚུངས་ཀྱིས་འབྱོར་འབྲིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐྱོད་བཞིན་ཡོད་པས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་ཡང་མཉམ་དུ་ཆེ་རུ་འགྲོ་བཞིན་ཡོད། དེས་ན། རིག་གནས་པུའུ་ཡིས་མི་རིགས་ས་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་གཏོང་དང་། མི་རིགས་ས་ཁུལ་གྱི་རིག་གནས་ཁྲོམ་ར་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན། མི་རིགས་ས་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་སྐུལ་གཏོང་། མི་རིགས་ས་ཁུལ་གྱི་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཐད་ལས་དོན་སྤེལ་ཡོད་པ་མ་ཟད་མུ་མཐུད་སྤེལ་རྒྱུ་ཡིན་པ་བཏོན་ཡོད།
         རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་མི་རིགས་ས་ཁུལ་གྱི་ཡུལ་སྐོར་དཔལ་འབྱོར་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་མ་ཧུར་ཐག་བཏང་ཡོད། 2017ལོར་མི་རིགས་ས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་གྱི་ཐེབས་རྩ་སྒོར་དུང་ཕྱུར་4ཙམ་བཏང་ནས་མི་རིགས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་རྣམ་གྲངས་དང“གསང་སྤྱོད་གསར་བརྗེའི”འཛུགས་སྐྲུན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།