འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སར་ས་གཙང་ཐོན་ལས་ཉེན་མེད་ཚད་གཞིའི་མ་ལག་ཆེན་པོ་6འཛུགས་སྐྲུན་ལེགས་སྒྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལོ་གཉིས་ལྷག་ཙམ་འབད་བརྩོན་བྱེད་པ་བརྒྱུད་ནས། ཉིན་ཤས་གོང་ལ་ལྷ་སར་བོད་བྱ་དང་། སྤོས། རང་བྱུང་འཐུང་ཆུ། འོ་མ། བོད་རུམ་སོགས་ས་གཙང་ཐོན་ལས་ཉེན་མེད་ཚད་གཞིའི་མ་ལག་ཆེན་པོ་6འཛུགས་སྐྲུན་ལེགས་སྒྲུབ་བྱུང་བ་རེད།
         མཚོ་བོད་མཐོ་སྒང་གི་ཆུ་དང་ཞིང་ས། ཁ་རླུང་། མི་ཆོས་ཁོར་ཡུག་བཅས"སྦགས་བཙོག་མེད་པ་བཞི"ཡི་ས་ཁོངས་ཀྱི་ལེགས་ཆར་གཞིགས་ནས། 2013ལོར"ལྷ་སའི་ས་གཙང་ཐོན་ལས་ཉེན་མེད"ཞེས་པའི་ཐ་སྙད་བཏོན་ནས་མཐོ་སྒང་གི་སྐྱེ་ལྡན་ཞིང་འབྲོག་ལས་རིགས་རྨང་གཞིར་བཟུང་ནས་གསར་སྤེལ་བྱས་ཤིང་། མཐོ་སྒང་གི་སྐྱེ་ལྡན་ཟས་རིགས་ཉེན་མེད་དང་མཐོ་སྒང་གི་ཚེ་སྲོག་ལྡན་པའི་སྐྱེ་ལྡན་ཐོན་རྫས། མཐོ་སྒང་བདེ་སྲུང་སྨན་རྫས། སྤྲོ་གསེང་ལུས་གསོའི་གནས་སྐོར། ནུས་རྒྱུ་གཙང་མ་བཅས་གཙོ་བོར་བྱས་ཏེ་ས་གཙང་ཐོན་ལས་ཉེན་མེད་སྐྱེད་སྲིང་བྱས་ནས་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་རང་བཞིན་གྱི་ཐོན་ལས་ཆགས་པར་བྱས་ཡོད་པ་རེད། 
         ལོ་ཤས་རིང་། ལྷ་སའི་ས་གཙང་ཐོན་ལས་ཉེན་མེད་འཕེལ་རྒྱས་མྱུར་པོ་བྱུང་སྟེ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་འཕར་སྣོན་ལ་ནུས་པ་མངོན་གསལ་ཐོན་ཡོད། དེ་དང་དུས་མཚུངས་འབྲེལ་ཡོད་ཐོན་རྫས་ཀྱི་ཚད་གཞི་ཞན་པ་དང་། ཐོན་ལས་ཀྱི་ཚད་གཞིའི་མ་ལག་མེད་པ། ཐོན་རྫས་འདོན་ཐེངས་མི་འདྲ་བས་ཐོན་རྫས་ཀྱི་སྤུས་ཚད་གཏན་འཁེལ་མེད་པ་སོགས་ཀྱི་སྐྱོན་ཡོད་པའི་དབང་གིས། ཐོན་ལས་དམའ་གྲས་དང་སྤུས་ཚད་ཞན་པའི་འཕེལ་རྒྱས་ཀྱི་དུས་རིམ་དུ་ལུས་ཤིང་། ཚད་གཞིའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་ནི་ལྷ་སའི་ས་གཙང་ཐོན་ལས་ཉེན་མེད་འཕེལ་རྒྱས་སྔར་ལས་ལྷག་པ་ཡོང་བར་ཚོད་འཛིན་ཐེབས་བཞིན་ཡོད་པ་རེད། 
         ལྷ་ས་གྲོང་ཁྱེར་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཅུད་ཀྱི་ཅུད་ཀྲང་ཚེ་རིང་སྒྲོལ་དཀར་ལགས་ཀྱིས། ལག་བསྟར་དངོས་བྱས་པ་བརྒྱུད་ནས་ས་གཙང་ཐོན་ལས་ཉེན་མེད་ཀྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཚད་ལྡན་འཕེལ་རྒྱས་དང་ཐོན་སྐྱེད་གཞི་ཁྱོན་ལྡན་པ། རིམ་པ་འཕར་བ་བཅས་བྱེད་ཡོད་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།