འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་2018ལོར་གཙོ་གནད་ལས་འགན་ཆེན་པོ་བཅུ་ལེགས་
    གྲུབ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་24ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་གིས་ལས་དོན་སྙན་སྒྲོན་ཞུས་པ་དང་འབྲེལ། 2018ལོའི་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་་ལས་འགན་གཙོ་བོ་དང་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཤིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་གཏོང་རྒྱུ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་རྒྱུ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱ་རྒྱུ། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སོགས་ལས་འགན་ཆེན་པོ་བཅུ་2018ལོའི་གཙོ་གནད་ལས་དོན་ཡིན་པ་རེད།
          ཧོ་ལི་ཧྥུང་གིས་2017ལོའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་བས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། 2018ལོར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནས་དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། བཟོ་སྐྲུན་ལས་རིགས་ཀྱི་རིམ་སྤོར་སྒྱུར་བཀོད་ཀྱི་འདུ་འགོད་གལ་ཆེན་ལག་ལེན་བསྟར་རྒྱུ། བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་འཕྲུལ་མི་དང་། རྒྱུ་ཆ་གསར་པ། སྒྲིག་ཆས་རྩེ་གྲ རིག་ནུས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནས་འགུལ་ནུས་གསར་པའི་སྟོབས་ཤུགས་གཙོ་བོ་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ་གྲངས་གཞི་ཆེན་པོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “དྲ་སྦྲེལ+”དང་། གྲངས་འཛིན་དཔལ་འབྱོར་ཚོད་ལྟ། མི་ཐབས་ཀྱི་རིག་ནུས་གསར་གཏོད་འཕེལ་རྒྱས་ཀྱི་འདུ་འགོད་ལག་ལེན་བསྟར་བ། ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་གསར་དར་ཐོན་ལས་ཀྱི་གསར་གཏོད་ལྟེ་གནས་འཛུགས་པ་བཅས་བྱས་ཁར། ཕྱོགས་ཡོངས་ནས་འདུས་གྲུབ་གློག་ལམ“910”དང་སྐྱེ་དངོས་ཐོན་ལས་ལྡབ་འཕར་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འདུ་འགོད་གལ་ཆེན་ལག་ལེན་བསྟར་རྒྱུ། གསུམ་ནས“གསུམ་དོར་གཅིག་གཅོག་གཅིག་གསབ”དང་ཟུང་འབྲེལ་གྱིས་སྐུལ་འདེད་གཏོང་རྒྱུ་དང་། ཐོན་ནུས་གཅོག་པའི་ཐད་2018ལོར་སྤྱི་འབོར་རང་བཞིན་གྱི་ཐོན་ནུས་གཅོག་རྒྱུ་དེ་གྲུབ་ཆའི་རང་བཞིན་གྱི་ཐོན་ནུས་ཡག་པོར་བསྒྱུར་རྒྱུ་གཙོ་བོར་བྱེད་པ་དང་། ཕྱིར་འཐེན་གཙོ་བོར་བྱེད་པ་ནས་མདུན་སྐྱོད་དང་ཕྱིར་འཐེན་གལ་ཆེ་མཉམ་འཛིན་གྱིས་ཐོན་ནུས་སྤྱོད་ཚད་འོས་འཚམ་གྱི་བར་མཐོངས་སུ་རྒྱུན་འཁྱོངས་བྱེད་པ་དང་། སྡོད་ཁང་ལམ་ལུགས་སྒྱུར་བཅོས་དང་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། འདི་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་སྒོར་དུང་ཕྱུར་1700ཡི་འགྲོ་གྲོན་རྩ་ཆག་དང་ཉུང་གཏོང་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པ་དང་། 2018ལོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ“དཔོན་རིགས་ཀྱི་མཚམས་སྦྱོར”དང་ལས་རིགས་དང་མཐུན་ཚོགས་ཀྱིས་གང་བྱུང་དུ་གྲོན་དངུལ་བསྡུ་བའི་གནད་དོན་བཅོས་སྐྱོང་བྱས་ནས། གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུའི་དཀར་ཆག་གསལ་ཐོ་ལེགས་སྒྲིག་བྱེད་པ། ཞན་ཆ་གསབ་པའི་ཐད་ས་ཆ་ཁག་གི་དངོས་ཡོད་ཆ་རྐྱེན་ནས་འགོ་ཚུགས་ཏེ་གནད་སྨིན་དང་ནུས་ལྡན་ངང་མཁོ་སྤྲོད་སྤུས་ཚད་ལེགས་སུ་གཏོང་དགོས་ཞེས་བཤད།
          བདག་དབང་ལམ་ལུགས་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་གཙོ་གནད་དུ་བཟུང་སྟེ་དཔལ་འབྱོར་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད། ཧོ་ལི་ཧྥུང་གིས་གཙོ་གནད་ཆེན་པོ་ལྔ་ཡོད་པའི་ངོས་འཛིན་བྱས་པ་སྟེ། གཅིག་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཀྱི་ཕྱོགས་བསྡུས་གྲུབ་འབྲས་རྒྱུན་མཐུད་རྒྱ་ཆེར་གཏོང་རྒྱུ་དང་། གཉིས་ནས་གཞུང་ཁོངས་ཁེ་ལས་ཀྱི་དབང་བའི་ལམ་ལུགས་འདྲེས་མར་སྐུལ་འདེད་གཏོང་བ་དང་། བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་པའི་སྙིང་སྟོབས་འཕེལ་བར་བྱེད་པ་བཅས་ཀྱི་སྒྱུར་བཅོས་གསུམ་ལ་མཉམ་འགུལ་ངང་སྐུལ་འདེད་གཏོང་རྒྱུ། གསུམ་ནས་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་བཀོད་སྒྲིག་སྒྱུར་བཅོས་མགྱོགས་པོ་བྱས་ནས་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་མ་གཏོང་བ་དང་། ཐད་ཀར་ཉོ་ཚོང་དང་ཚད་སྣོན་གློག་སྦྱོར་ཁྲོམ་ར་ཅན་གཙོ་བོར་བྱས་ནས་གློག་ཤུགས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་མདོང་ལམ་གཉེར་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི་བཟོ་རྒྱུ། བཞི་ནས་འགྲན་རྩོད་འདྲ་མཉམ་དང་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་བཙུགས་ཏེ་ཕྱོགས་ཡོངས་ནས་ཁྲོམ་རའི་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ལག་ལེན་བསྟར་ནས་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་སྲིད་འཛིན་ལས་ཁུངས་དང་འབྲེལ་ཐག་གཅོད་པའི་སྒྱུར་བཅོས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ། ལྔ་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།