འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་འཛམ་གླིང་གི་དཔལ་འབྱོར་སྔོན་དཔག་བྱས་ན་3%འཕར་རྒྱུ་དང་ཀྲུང་གོས་ལེགས་སྐྱེས་
    ཕུལ་ཚད་གསུམ་ཆ་གཅིག་ཟིན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་24ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས《2018ལོའི་འཛམ་གླིང་དཔལ་འབྱོར་གྱི་དུས་བབ་དང་སྔོན་དཔག》ཅེས་པའི་སྙན་ཞུ་ཡོངས་བསྒྲགས་བྱས་ཤིང་། སྔོན་དཔག་བྱས་ན་2017ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་3%ཟིན་རྒྱུ་ཡིན་པ་དེ་2011ལོའི་ཚུན་གྱི་འཕར་ཚད་མགྱོགས་ཤོས་གཏོད་རྒྱུ་ཡིན་པ་རེད། དེའི་ནང་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་གསུམ་ཆ་གཅིག་ཟིན་ཡོད་པ་རེད།
          སྙན་ཞུའི་ནང་2017ལོར་ཉམས་ཉེན་དང་འབྲེལ་བ་ཡོད་པའི་ཉམས་ཞན་རྒྱུ་རྐྱེན་དང་ཡོ་ལང་གཞན་ཐོན་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་ཕྱིན་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྤྱིའི་ཆར་ཡག་ཏུ་སོང་བ་མངོན་ཡོད་པ་དང་རྒྱལ་ཁབ་གསུམ་ཆ་གཉིས་ཙམ་གྱི་དཔལ་འབྱོར་འཕར་ཚད་ན་ནིང་ལས་མཐོ་བ་ཡོད་པ་མངོན་ཡོད་པ་རེད།
         སྙན་ཞུའི་ནང་སྔོན་དཔག་བྱས་དོན། 2018ལོ་དང་2019ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་3%ཙམ་སོ་སོར་འཕར་རྒྱུ་རེད།
         མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་ཁུར་བ་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིན་གྱིས་ཉིན་དེ་རང་དུ་སྤེལ་བའི་སྙན་ཞུ་ཡོངས་བསྒྲགས་བྱེད་པའི་ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྤྱིར་ན་ཡག་ཏུ་སོང་བ་ནི་དགའ་འོས་པའི་བརྡ་རྟགས་ཤིག་ཡིན་རུང་། རྒྱལ་ཁབ་ཁག་གིས་སྔར་རྒྱུན་བཞིན་འབད་བརྩོན་ལྷོད་མེད་བྱས་ཏེ་ཁོར་ཡུག་བློས་གཏོང་བྱས་ནས་དཔལ་འབྱོར་འཕར་རྒྱུ་སྔོན་འགོག་བྱེད་དགོས་ཞེས་བསྟན་ཡོད།
         སྙན་ཞུའི་ནང་ཨེ་ཤེ་ཡ་ཤར་མ་དངཨེ་ཤེ་ཡ་ལྷོ་མ་ནི་སྔར་རྒྱུན་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་གསོན་ཤུགས་ལྡན་ཤོས་ཀྱི་ས་ཁུལ་ཞིག་ཡིན་པས་འདི་ལོ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཕུལ་ཚད་ཕྱེད་ཀ་ལྷག་ཙམ་ཟིན་ཡོད་པ་རེད། ཨ་ཀེན་ཐིན་དང་། པར་ཙིར། ནི་ཀྲེ་རི་ཡ། ཨུ་རུ་སུ་སོགས་རྒྱལ་ཁབ་ཁག་རྒྱུན་མཐུད་ངང་དཔལ་འབྱོར་ཉམས་རྒུད་ནས་ལེགས་ཕྱོགས་སུ་བསྐྱོད་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་མཐོ་རུ་འགྲོ་རྒྱུར་ལེགས་སྐྱེས་ཕུལ་ཡོད་པ་བསྟན་ཡོད་པ་རེད།
          ཡིན་ནའང་། སྙན་ཞུའི་ནང་དཔལ་འབྱོར་གྱི་གནས་ཚུལ་ལེགས་སུ་ཕྱིན་པ་དེ་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བར་འཕེལ་རྒྱས་དོ་སྙོམས་མེད་པའི་དོ་སྣང་བྱུང་ཡོད། ཨ་ཧྥེ་རི་ཁ་དང་། ཨེ་ཤེ་ཡ་ནུབ་མ། ལ་ཏིང་མེ་གླིང་། ཅ་ལི་པི་སོགས་ས་ཁུལ་དུ་2017ལོ་ནས་2019ལོ་བར་མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་དེ་ཧ་ཅང་ཉུང་ཉུང་ཡིན་པ་རེད། གཞན་ཡང་དུས་ཐུང་ནས་བལྟས་ན། དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་འགའ་ཞིག་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རེ་ཡོད་པ་རེད།
          སྙན་ཞུའི་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཡག་ཏུ་སོང་བ་དེས་སྲིད་ཇུས་ལེགས་སྒྲིག་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། དོ་མི་སྙོམས་པའི་ད་ལྟའི་གནས་བབ་ལེགས་བཅོས་དང་སྒྲིག་གཞིའི་རང་བཞིན་གྱི་འཕེལ་རྒྱས་ཀྱི་བཀག་འགོག་མེད་པར་བཟོ་རྒྱུར་རྨང་གཞི་བཏིང་ཡོད་པའི་ངོས་འཛིན་བྱས་པ་རེད། འོན་ཀྱང་སྙན་ཞུའི་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་ཐུང་ནང་མདུན་ལས་ལེགས་སུ་ཕྱིན་ཡོད་རུང་། ཚོང་དོན་ཚུད་པའི་སྲིད་ཇུས་ཀྱི་འགྱུར་ལྡོག་དང་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁོར་ཡུག་ཞན་དུ་སོང་བ་དང་དེ་བཞིན་ས་ཁོངས་ཆབ་སྲིད་ཀྱི་དུས་བབ་ཛ་དྲག་པོ་སོགས་ཀྱི་ཉེན་ཁ་སྔར་བཞིན་འཕྲད་པའི་ངོས་འཛིན་བྱས་ཡོད།
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་《འཛམ་གླིང་དཔལ་འབྱོར་གྱི་དུས་བབ་དང་སྔོན་དཔག་》ལོ་འཁོར་སྙན་ཞུ་ནི་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུ་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་ལྔ་སོགས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།