འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། དབུས་ནུབ་རྒྱུད་ཀྱི་སློབ་གསོ་འཕེལ་རྒྱས་མགྱོགས་པོ་བཏང་ནས་སློབ་གསོའི་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་ཡོང་སྐུལ་འདེད་གཏོང་ཆེད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་《དབུས་ནུབ་རྒྱུད་ཀྱི་སློབ་གསོ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་ལས་དོན་སྐོར་གྱི་ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ལྟ་ཞིབ་ཚད་ལེན་བྱ་ཐབས་》པར་འགྲེམས་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ལྟ་ཞིབ་ལམ་སྲོལ་བཙུགས་པ་བརྒྱུད་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་དབར་གྱི་ཧེ་བག་གང་མགྱོགས་ཆུང་དུ་བཏང་ནས་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         བྱ་ཐབས་ནང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ལྟ་ཞིབ་ཚད་ལེན་ལས་དོན་ནི་སློབ་གསོ་པུའི་དབུས་ནུབ་རྒྱུད་ཀྱི་སློབ་གསོ་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་འགན་འཁུར་བ་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་འགན་འཁུར་ཏེ་འབྲེལ་ཡོད་ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞིར་ལས་དོན་ཞིབ་ཕྲ་སྤེལ་རྒྱུར་མངགས་བཅོལ་བྱས་ཡོད། གཞུང་ནས་མཉམ་འགུལ་དང་། འཕྲེད་ནས་སྐུལ་འདེད། སྒུལ་རྣམ་སྙོམས་སྒྲིག ལྟ་སྐུལ་མཛུབ་ཁྲིད་སོགས་རྩ་དོན་གཞིར་བཟུང་ལས་ཀའི་མཐུན་སྦྱོར་ལམ་སྲོལ་དང་སྐུལ་འདེད་ལམ་སྲོལ་འཛུགས་པ་དང་། དཔྱད་དཔོག་ལྟ་ཞིབ་ཚད་ལེན་དང་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱས་པ་བརྒྱུད། ལམ་སྲོལ་དང་བྱ་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་དབུས་ནུབ་རྒྱུད་ཀྱི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་དམིགས་ཚད་དེ་2020ལོར་སླེབས་སྐབས་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
         བྱ་ཐབས་ནང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ལྟ་ཞིབ་ཚད་ལེན་ནང་ཕྱོགས་བདུན་ཐད་ཀྱི་ནང་དོན་གཙོ་བོ་ཚུད་ཡོད་པ་སྟེ། རྫོང་ཁོངས་ནང་གི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བ་བྱེད་པ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་མགྱོགས་པོ་གཏོང་བ། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཧུར་ཐག་གཏོང་བ། མི་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དབང་པོ་སྐྱོན་ཅན་ལ་སློབ་གསོ་ཐོབ་དབང་འགན་ལེན་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད།
         ཕྱོགས་བདུན་ཐད་ཀྱི་ནང་དོན་ལ་གཞིགས་ནས་བྱ་ཐབས་ནང་དམིགས་ཚད་265བཟོས་ཏེ་དམིགས་ཚད་མ་ལག་ལ་གཞིགས་ཏེ་2017ལོ་ནས་2020ལོ་བར་ལོ་ལྟར་ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་གྲུབ་པར་བྱེད་པ་དང་། 2018ལོ་དང་2020ལོ་སོ་སོར་དུས་དཀྱིལ་དང་ཕྱོགས་སྡོམ་གྱི་ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་སྒྲིག་འཛུགས་བྱས་ནས་དུས་དཀྱིལ་དང་ཕྱོགས་སྡོམ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་ཆགས་པ་བྱ་རྒྱུ་ཡིན་པ་རེད།
         དབུས་ནུབ་རྒྱུད་ཀྱི་སློབ་གསོ་འཕེལ་རྒྱས་མགྱོགས་པོ་གཏོང་བའི་ལས་ཀའི་འགན་འཁྲི་དོན་འཁྱོལ་མ་བྱུང་བ་དང་། སྲིད་ཇུས་དོན་འཁྱོལ་མི་བྱུང་བ། ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆུང་བ། ལས་གྲྭའི་རྣམ་གྲངས་ཀྱི་འཕེལ་རིམ་འགོར་བ་བཅས་ཀྱི་ཞིང་ཆེན་ལ་ཆ་མཚོན་ན། བྱ་ཐབས་ནང་རྣམ་པ་འོས་འཚམ་གྱིས་བརྡ་ཁྱབ་གཏོང་བ་དང་ཆབས་ཅིག དུས་བཀག་ལྟར་སྤྱིའི་དམིགས་ཚད་ལས་འགན་ལེགས་སྒྲུབ་མ་ཐུབ་པའི་ཞིང་ཆེན་ལ་འགན་འཁྲི་བདའ་འདེད་གཏོང་རྒྱུའི་གྲོས་འགོ་འདོན་དགོས་ཞེས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།