འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཞི་པའི་རྒྱལ་ཡོངས་དམངས་ཚོགས་ཀྱི་གངས་ཤུད་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལེའུ་ཡན་ཏུང་སྐབས་བཞི་པའི་རྒྱལ་ཡོངས་དམངས་ཚོགས་ཀྱི་གངས་ཤུད་བྱེད་སྒོའི་མཛད་སྒོར་ཕེབས་པ་རེད།
         སྐབས་བཞི་པའི་རྒྱལ་ཡོངས་དམངས་ཚོགས་ཀྱི་གངས་ཤུད་བྱེད་སྒོ་གཉེར་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླང་བྱ་ལག་བསྟར་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས“མི་སྣ་དུང་ཕྱུར་གསུམ་གྱི་སྣེ་ཁྲིད་དེ་གངས་འཁྱགས་ལུས་སྦྱོང་ལ་ཞུགས་དགོས་པའི”མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱེད་པ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་བྱེད་སྒོ་ཞིག་ཡིན་པས། དེས་རང་རྒྱལ་གྱི་མང་ཚོགས་ཀྱི་སྣ་མང་ཅན་གྱི་ལུས་རྩལ་ལུས་སྦྱོང་དགོས་མཁོ་བསྐོང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་རེད། 2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་ལ་ཏན་ཏིག་གི་སྒོ་ནས་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་ཀྲུང་ཧྭ་ཡི་མཚར་སྡུག་ལྡན་པའི་རིག་གནས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་མཉམ་འདྲེས་ཡག་པོ་ཐུབ་པ་མཚོན་པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་ཁྱབ་བསྒྲགས་བྱས་པ་ལས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། སྐབས་འདིའི་དམངས་ཚོགས་ཀྱི་གངས་ཤུད་བྱེད་སྒོ་གཉེར་བ་དེས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་སྔར་བས་གཏོད་པ་དང་། མང་ཚོགས་རང་འགུལ་ངང་ཞུགས་རྒྱུའི་འདུ་ཤེས་ཟབ་ཏུ་གཏོང་བ། གངས་འཁྱགས་ལུས་རྩལ་རྣམ་གྲངས་ཀྱི་མི་འབོར་མང་དུ་གཏོང་བ། ལུས་རྩལ་འཛད་སྤྱོད་དང་གངས་འཁྱགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ལ་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུ་རེད།
         སྐབས་བཞི་པའི་རྒྱལ་ཡོངས་དམངས་ཚོགས་ཀྱི་གངས་ཤུད་བྱེད་སྒོའི་མཛད་སྒོ་པེ་ཅིང་དང་ཧོ་པེར་ཐོག་མར་གཉེར་ཡོད། བྱེད་སྒོ་སྤེལ་རིང་ཧོ་པེས་གངས་འཁྱགས་ལུས་རྩལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་དགུན་དཔྱིད་གཉིས་ནས་ལོ་ཧྲིལ་པོའི་དུས་ཚིགས་ཚང་མར་རྒྱ་སྐྱེད་གཏོང་རྒྱུ་མ་ཟད། ཧོ་པེར་གཞི་ཚུགས་པ་དང་པེ་ཅིང་དང་ཐེན་ཅིན་ལ་ཁྱབ་པའི་སྤུས་རྟགས་བྱེད་སྒོ་སྤེལ་རྒྱུ་རེད།
         ད་རེས་ཀྱི་དམངས་ཚོགས་ཀྱི་གངས་ཤུད་བྱེད་སྒོ་དེ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པས། བྱེད་སྒོར་ཞུགས་ཚད་དེ་བས་མཐོ་བ་དང་། ཁྱབ་ཁྱོན་དེ་བས་ཆེ་བ། ཤུགས་རྐྱེན་ཕོག་ཤུགས་དེ་བས་ཆེ་བ། སྐུལ་ཁྲིད་ནུས་པ་དེ་བས་ཆེ་བ་བཅས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ས་གནས་མང་པོ་ཞིག་གིས་གངས་འཁྱགས་དུས་ཚིགས་རིང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མང་ཚོགས་རང་བཞིན་གྱི་གངས་འཁྱགས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་སྔོན་རྩིས་བྱས་ན་འདི་ལོའི་དགུན་དུས་སུ་རྣམ་པ་སྣ་ཚོགས་ཀྱི་དམངས་ཚོགས་ཀྱི་གངས་འཁྱགས་བྱེད་སྒོ་ཐེངས་ཆིག་སྟོང་ལྷག་ཙམ་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།