འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཅུ་པའི་རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1191གསར་དུ་ལས་
    ཞུགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་རིང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1191གསར་དུ་ལས་ཞུགས་ཐུབ་ནས་ཟླ་བ་2སྔ་སྣུར་ཐོག་མི་ཁྲི་1100ཡི་ལོ་ཧྲིལ་པོའི་སྔོན་དཔག་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད། ཟླ་དང་པོ་ནས་བཅུ་པའི་རིང་དེ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་ཁྲི་471ལ་ལས་ཞུགས་བསྐྱར་མ་དང་ལས་ཞུགས་དཀའ་ངལ་ཅན་ཁྲི་147ལ་ལས་ཞུགས་ཐུབ་ཅིང་། དེ་ནི་གསར་འགོད་པས་མི་སྤྱི་པུའུ་ནས་ཤེས་རྟོགས་བྱས་པ་ཞིག་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། དེ་གོང་ལོ་3གྱི་རིང་། རང་རྒྱལ་གྱིས་གཏན་ལ་འཁེལ་བའི་ལོ་ཧྲིལ་པོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཇེ་མང་དུ་གཏོང་བའི་དམིགས་ཚད་ཆ་སྙོམས་མི་ཁྲི་1000ཡིན་པ་དང་། 2017ལོར་མི་ཁྲི་1100བར་ཐོག་མར་མང་དུ་བཏང་བ་ཞིག་ཡིན། ད་ལོའི་ལས་ཞུགས་ཀྱི་དམིགས་ཚད་སྔ་སྣུར་དུ་གྲུབ་པ་དེ་ནི་དབྱེ་ཞིབ་བྱས་པ་ལྟར་ན་གཙོ་བོ་ཕྱོགས་བཞིའི་ཐད་ནས་བྱུང་བ་སྟེ། ཐོག་མར་དཔལ་འབྱོར་བརྟན་པོའི་ངང་འཕར་ནས་ལས་ཞུགས་བརྟན་པོ་ཐུབ་པར་འདེགས་སྐྱོར་མཁོ་འདོན་བྱས་ཤིང་། 2017ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་རིང་GDPའཕར་ཚད་6.9%ཟིན་པ་དང་། ལོ་སྟོད་ཀྱི་དཔལ་འབྱོར་འཕར་ཚད་སྒོར་དུང་ཕྱུར་ཁྲི་2.35ཟིན་ནས་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་2000ལྷག་འཕར་བ་དང་། དཔལ་འབྱོར་འཕར་བའི་ལས་ཞུགས་ཀྱི་ལྡེམ་ཚད་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཚད་ལེན་ཞིབ་རྩིས་བྱས་པ་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་GDPབརྒྱ་ཆ་གྲངས་རེ་འཕར་ན་ཆ་སྙོམས་ཞིང་པ་མིན་པའི་མི་ཁྲི་180ཙམ་བསྡུས་ནས་ལས་ཞུགས་ཐུབ་པ་དེ་སྔོན་ཆད་དང་བསྡུར་ན་མངོན་གསལ་དོད་པོས་འཕར་ཡོད། གཉིས་ནི་དཔལ་འབྱོར་གྱི་གྲུབ་ཆ་བཟང་སྒྲིག་དང་ལྷག་དོན་དུ་ཐོན་ལས་གསུམ་པ་མགྱོགས་མྱུར་གོང་འཕེལ་དང་དེ་བཞིན་ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་འཕེལ་ཕྱོགས་བཟང་པོ་ལས་ལས་ཞུགས་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་རིང་ཐོན་ལས་གསུམ་པའི་རིན་ཐང་འཕར་མས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་52.9%ཡིན་པ་དང་། དཔལ་འབྱོར་འཕར་བའི་ཐད་ཞབས་ཞུའི་ལས་རིགས་ཀྱི་ལེགས་སྐྱེས་འབུལ་ཚད་58.8%ཟིན་ནས་ལས་ཞུགས་ལ་སྐུལ་ཁྲིད་མངོན་གསལ་དོད་པོ་བྱས་ཡོད། དུས་ཚིགས་གསུམ་གྱི་གཞི་ཁྱོན་ཆེ་བའི་ཁེ་ལས་སུ་ལས་ཞུགས་བྱས་པའི་མི་འབོར་ལ་རྟོག་ཞིབ་བྱས་ན། རིག་གནས་ལུས་རྩལ་དང་རོལ་རྩེད་ལས་རིགས་དུས་མཚུངས་ལས་12.4%འཕར་བ་དང་། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་དུས་མཚུངས་ལས་10.8%འཕར་བ། ཆ་འཕྲིན་བརྒྱུད་སྐྱེལ་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་དེ་དུས་མཚུངས་ལས་10.5%འཕར་བ་བཅས་རེད། གསུམ་ནི་སྒྱུར་བཅོས་ཀྱི་ཕན་པ་ལས་བྱུང་ཞིང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ལས་གཏོད་སྐུལ་ལྕག་གིས་ལས་ཞུགས་ཀྱི་གོ་སྐབས་མང་པོ་བཏོད་པ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་རིང་། རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་དུས་མཚུངས་ལས་12.5%འཕར་ནས་ཆ་སྙོམས་ཉིན་རེར་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་1.65ཟིན་ཡོད། དུས་ཚིགས་གསུམ་པའི་ལས་ཞུགས་ཐད་གསར་དུ་འཕར་བའི་ཁེ་ལས་ཀྱི་ལེགས་སྐྱེས་འབུལ་ཚད་25%ལས་བརྒལ་ཡོད། བཞི་ནི་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ཀྱི་ཕན་འབྲས་སྔར་བས་བཏོན་པ་ལས་ཕན་པ་བྱུང་བ་དང་། རྒྱ་ཆེའི་ངལ་རྩོལ་པའི་འབད་བརྩོན་ལྷོད་མེད་དང་སྒེར་གྱི་འབད་བརྩོན་དང་ཡང་ཁ་འབྲལ་ཐབས་མེད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།