འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་བྱས་པས་
    ཞིང་འབྲོག་པ་ཁྲི་120ལྷག་ཙམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཤོག་སྦག་གི་སྒྲ་གྲགས་པ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཚ་རྔ་གྲོང་རྡལ་མཚོ་ཐོག་ལུང་གྲོང་ཚོའི་གློག་གནོན་སྒྱུར་ཆས་བཞི་པ་ནས་གློག་གཏོང་འགོ་ཚུགས་ཤིང་། གྲོང་མི་ཚོས་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་གཞིར་བཟུང་གློག་གནོན་སྒྱུར་ཆས་རས་དམར་པོས་བཏུམས་པས་ལོ་གསར་གཏོང་བའི་དགའ་སྤྲོའི་རྣམ་པ་དང་མཚུངས།
         “གཞི་ནས་བརྙན་འཕྲིན་རྒྱུན་གཏན་ལྟར་བལྟ་རྒྱུ་ཡོད། ད་ནས་བཟུང་གོས་འཁྲུའི་འཕྲུལ་འཁོར་དང་། གློག་ཐབ། འཁྱག་སྒམ་བཅས་ཀྱང་སྒྲིག་ཆས་ཙམ་མིན་པར་བེད་སྤྱོད་གཏོང་ཐུབ་རྒྱུ་རེད། གློག་ཆས་ཆ་ཚང་མཉམ་དུ་སྤྱད་ཀྱང་གློག་སྒོ་ཟགས་པའི་སེམས་ཁྲལ་མི་འདུག”ཅེས་གྲོང་མི་མཱ་ཝུན་ཧུའེ་ཡིས་འཛུམ་འཚེར་འཚེར་ངང་བཤད།
          རྨ་ཆུའི་སྟོད་རྒྱུད་ཀྱི་གློག་ཁང་ཆེ་གྲས་ཏེ། ཚ་རྔ་འགག་གློག་ཁང་དང་ས་འབྲེལ་ཡིན་པའི་མཚོ་ཐོག་ལུང་གྲོང་ཚོ་ནི་ཆུ་མཛོད་ཀྱི་གནས་སྤོས་ཡུལ་མིའི་གྲོང་ཚོ་ཞིག་རེད། 1981ལོར་ད་ཆའི་གནས་འདིར་སྤོས་རྗེས་འགྲིམ་འགྲུལ་སྟབས་བདེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པས་གྲོང་མི་ཚོས་འདེབས་འཛུགས་དང་། ཉ་ལས། གསོ་ཚགས་བཅས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་དང་སྐྱེལ་མུས་རེད། འོན་ཀྱང་གྲོང་ཚོའི་ནང་གི་མི་འབོར་ཉིན་རེ་ལས་མ་འདས་པར་མང་དུ་སོང་བ་དང་གྲོང་ཚོའི་ནང་གློག་གཏོང་ཤུགས་ཀྱང་ཆེ་རུ་སོང་སྟབས་གློག་བརྟན་པོ་མེད་པ་དང་མི་འདང་བའི་གནད་དོན་ཡང་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་ཡོད། གློག་ཁང་ཆེ་མོ་འདི་འདྲ་ཞིག་འགྲམ་དུ་ཡོད་ཀྱང་གློག་སྤྱོད་རྒྱུ་མེད་པ་ནི་གྲོང་མི་ཚོའི་སེམས་ནད་ཆེན་པོ་ཞིག་ཏུ་གྱུར་ཡོད།
         2016ལོར་མཚོ་སྔོན་གྱི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་དང་། མཚོ་ཐོག་ལུང་གྲོང་ཚོ་ཡང་རིམ་སྤོར་སྒྱུར་བཀོད་ཀྱི་འཆར་གཞིའི་ནང་བཅུག་ཡོད། མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་འཁོར་རྒྱུག་སྲུང་སྐྱོང་དང་ཞིབ་བཤེར་ཉམས་བཟོ་ཁང་གི་ཞིབ་བཤེར་ཉམས་བཟོ་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་ལི་ཡོན་གྱིས་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་ཚུན། མཚོ་སྔོན་དུ་ཁྱོན་གློག་ཁང་41གསར་སྐྲུན་དང་སྒྱུར་བཀོད་བྱས་པའི་སྤྱིའི་ཤོང་ཚད་ཀྲའོ་ཧྥུའུ་ཨན་829ཟིན་པ་དང་། གློག་གཏོང་གློག་གནོན་སྒྱུར་ཆས་3945གསར་སྐྲུན་དང་སྒྱུར་བཀོད་བྱས་པའི་སྤྱིའི་ཤོང་ཚད་ཀྲའོ་ཧྥུའུ་ཨན་566ཟིན་པ། གློག་ཆེན་དང་གློག་ཆུང་གི་གློག་ཤུགས་སྐུད་ལམ་སྟོང་སྨི་12425.26གསར་སྐྲུན་དང་སྒྱུར་བཀོད་བྱས་ཡོད། རྣམ་གྲངས་དེ་དག་ལག་བསྟར་བྱས་པ་ལས་རྫོང་ཁོངས་འགའ་ཞིག་གི་གློག་དྲ་དང་གློག་དྲ་གཙོ་བོའི་དབར་གྱི་འབྲེལ་བ་ཉམས་ཞན་གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་པ་དང་། ཞིང་འབྲོག་ཁུལ་གྱི་གློག་ཆེན་དང་གློག་ཆུང་གི་སྐུད་ལམ་བརྒྱུད་གློག་གཏོང་ཤུགས་ཆེ་རུ་ཕྱིན་པ། གྲོང་གསེབ་གློག་དྲའི་གློག་གཏོང་གི་བདེ་འཇགས་རང་བཞིན་དང་བློས་འགེལ་ཆོག་པའི་རང་བཞིན་མཐོ་རུ་ཕྱིན་པ། མི་ཁྲི་121.39ལ་དེ་ལས་ཕན་པ་དངོས་ཐོབ་ཡོད།
         “རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ཀྱི‘ལོ་གཉིས་ཀྱི་འགག་སྒྲོལ་དམག་འཐབ’རྒྱག་རྒྱུའི་སྐོར་གྱི་རྒྱལ་ཁབ་གློག་དྲ་ཀུང་སིའི་ལས་དོན་ཧྲིལ་པོའི་བཀོད་སྒྲིག་གཞིར་བཟུང་། ལོ་གཉིས་རིང་མཚོ་སྔོན་གྱིས་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ཁྱོན་909ལག་བསྟར་བྱས་པ་དང་མིག་སྔའི་བར་ལས་གྲྭ་ཆ་ཚང་ནས་98%ལེགས་གྲུབ་ཟིན་ཡོད”མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་འཁོར་རྒྱུག་སྲུང་སྐྱོང་དང་ཞིབ་བཤེར་ཉམས་བཟོ་ཁང་གི་ཀྲུའུ་རེན་ཡོན་ཀྲེ་དབྱི་ཡིས་ལས་གྲྭའི་མྱུར་ཚད་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་གྲྭའི་ཨར་ལས་བྱེད་མགྱོགས་སུ་བཏང་ནས་ཟླ་9ཚེས་30ཉིན་གྱི་གོང་དུ་མཚོ་སྔོན་གྱི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཕྱོགས་ཡོངས་ནས་གཉེར་ཏེ་གློག་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།