འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་
    བསྡོམས་འབོར་དུས་མཚུངས་ལས་16.6%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་20.29ཟིན་པ་དེ་དུས་མཚུངས་ལས་16.6%འཕར་ནས་ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྲ་བརྟན་དུ་ཕྱིན་པ་དང་འཕར་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད།
         འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཧོང་སུང་ཕིང་གིས་དེ་ཉིན་སྤེལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་ཕྱིར་གཏོང་ལ་སྒོར་དུང་ཕྱུར་ཁྲི་11.16ཟིན་པ་དེ་དུས་མཚུངས་ལས་12.4%འཕར་བ་དང་། ནང་འདྲེན་ལ་སྒོར་དུང་ཕྱུར་ཁྲི་9.13ཟིན་པ་དེ་དུས་མཚུངས་ལས་22.3%འཕར་བ། ཉོ་ཚོང་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་སྒོར་དུང་ཕྱུར་ཁྲི་2.03ཟིན་ནས་ཆག་ཚད་ཞི་ལྷོད་དུ་འགྲོ་ཚད་17.7%ཟིན་ཡོད་ཅེས་བཤད།
         ཞིབ་ཕྲ་བརྗོད་ན། རང་རྒྱལ་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་ལ་སྒོར་དུང་ཕྱུར་ཁྲི་11.49ཟིན་པ་དེ་དུས་མཚུངས་ལས་18.1%འཕར་བ་དེས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་56.6%བཟུང་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.7མཐོ་རུ་ཕྱིན་ཏེ་ཉོ་ཚོང་བྱེད་སྟངས་ཀྱི་གྲུབ་ཆ་ཅུང་ལེགས་སུ་ཕྱིན་ཡོད།
         གྲངས་གཞི་ལས་མངོན་དོན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་ལ་སྒོར་དུང་ཕྱུར་ཁྲི་7.81ཟིན་པ་དེ་དུས་མཚུངས་ལས་17.8%འཕར་ཡོད། དེ་ལས་ཕྱིར་གཏོང་ལ་སྒོར་དུང་ཕྱུར་ཁྲི་5.23ཟིན་པ་དེས་14.7%འཕར་བས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་46.8%བཟུང་ནས་ཕྱིར་གཏོང་གཉེར་སྐྱོང་བྱེད་པོའི་ཨང་དང་པོའི་གནས་བབ་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་། ནང་འདྲེན་ལ་སྒོར་དུང་ཕྱུར་ཁྲི་2.58ཟིན་པ་དེ་དུས་མཚུངས་ལས་24.8%འཕར་ཡོད་པ་རེད།
         ས་ཁོངས་ནས་བལྟས་ཚེ་རང་རྒྱལ་གྱི་དབུས་ནུབ་རྒྱུད་དང་བྱང་ཤར་ཞིང་ཆེན་གསུམ་གྱི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་རྒྱལ་ཡོངས་སྤྱི་ཡོངས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད། ཞིབ་ཕྲ་བལྟས་ཚེ་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་18ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་ཡོངས་ཀྱི་འཕར་ཚད་24.7%ཟིན་ནས་རྒྱལ་ཡོངས་སྤྱི་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་8.1ཡན་ཟིན་པ་དང་། བྱང་ཤར་ཞིང་ཆེན་གསུམ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱི་ཡོངས་ཀྱི་འཕར་ཚད་18.5%ཟིན་ནས་རྒྱལ་ཡོངས་སྤྱི་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་1.9ཡན་ཟིན་པ། ཤར་རྒྱུད་ཞིང་ཆེན་10ཡི་ཕྱི་ཕྱོགས་ཉོ་ཚོང་སྤྱི་ཡོངས་ཀྱི་འཕར་ཚད་15.3%ཟིན་ནས་ས་ཁོངས་འཕེལ་རྒྱས་སྔར་བས་མཐུན་འགྲིག་བྱུང་ཡོད།
         ཕྱི་ཕྱོགས་ཉོ་ཚོང་རོགས་ཟླར་བལྟས་ཚེ་རང་རྒྱལ་གྱི་སྲོལ་རྒྱུན་ཁྲོམ་རའི་ཕྱིར་གཏོང་ནང་འདྲེན་ཁྱོན་ཡོངས་ནས་བསྐྱར་འཕར་བྱུང་བ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཁག་གཅིག་དབར་གྱི་ཕྱིར་གཏོང་ནང་འདྲེན་མགྱོགས་མྱུར་འཕར་བཞིན་ཡོད། གྲངས་གཞི་ལས་མངོན་དོན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་ཡོ་རོབ་དང་། ཨ་རི། རི་པིན་བཅས་སོ་སོར་ཕྱིར་གཏོང་ནང་འདྲེན་16.4%དང་། 18.7% 14.9%བཅས་འཕར་ནས་དེ་གསུམ་པོས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་36.8%བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།