འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་ཀྲོའུ་ཡི"རྩྭ་ཐང་གི་གཅེན་གཅུང་སྒྲོག་འགྲེལ་ཚོགས་པས"གངས་ལྗོངས་ལ་
    བརྩེ་སེམས་ཟབ་མོ་བཅངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། སི་ཁྲོན་ནུབ་བྱང་རྒྱུད་དུ་གནས་པའི་རྔ་པ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་དུ“རྩྭ་ཐང་གི་གཅེན་གཅུང་སྒྲོག་འགྲེལ་ཚོགས་པ”ཞིག་ཡོད། ཁོང་ཚོ་ནི་བསིལ་རླུང་ཞིག་དང་འདྲ་བར་རྩྭ་ཐང་སྟེང་གི་འབྲོག་ཁུལ་བུད་མེད་ཚོར་བདེ་ཐང་དང་ཁྲིམས་སྐྱོང་ཤེས་བྱ་སྒྲོག་འགྲེལ་བྱེད་པ་དང་དྲོ་སྐྱིད་སྦྱིན་གྱི་ཡོད།
         འབྲོག་ལས་ཁོ་ན་བྱེད་པའི་ཧུང་ཡོན་རྫོང་གི་མིང་དེ་དམར་དམག་གིས“གངས་རི་འཛེགས་པ་དང་རྩྭ་ཐང་བརྒལ་བ”ལས་ཐོབ་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ཡན་ཟིན་གྱི་ཡོད། འདི་ལོའི་ཟླ་4པར་ཧུང་ཡོན་རྫོང་དུ་ཁ་བ་བབས་པས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲེའི་ཏུའུ་20ལྷག་ཙམ་ལ་སླེབས་སྟབས་གྲང་ངར་ཆེན་པོ་ཡོད། ལོ་51ལ་སླེབས་པའི་གཅེན་གཅུང་སྒྲོག་འགྲེལ་པ་གནམ་མི་འགྱུར་གྱིས་དེ་ཉིན་སྦྲ་ཆེན་ཡུལ་ཚོ་གྲོང་རྡལ་དུ་སྒྲོག་འགྲེལ་བྱེད་པར་སླེབས་པ་དང་། ཚང་མ་འཁྱགས་ནས་འདར་སིག་སིག་བྱེད་ཀྱི་ཡོད་པས་ཁོ་མོས་མགོ་ཡར་བཀྱགས་མ་ཐག་དཀར་གཙང་མཇལ་དར་ཞིག་ཁོ་མོའི་སྐེ་ལ་གཡོགས་པ་བློ་ལ་གསལ་པོ་ངེས་ཡོད།
         “བཀྲ་ཤིས་བདེ་ལེགས”ཞེས་མདུན་ཕྱོགས་ནས་སེམས་རྩ་འཁོལ་བའི་ཨ་མ་རྒན་མོ་ཞིག་གིས་དེ་ལྟར་བརྗོད་པ་དང་། དེའི་རྒྱབ་ན་ཡོད་པའི་འབྲོག་ཁུལ་བུད་མེད་རྣམས་ཀྱིས་ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་ཁྲོད་མི་རེས་ལག་ཏུ་ཁ་བཏགས་རེ་འཁྱེར་ཏེ་གུས་ལུགས་ཆེན་པོའི་ངང“གཅེན་གཅུང་སྒྲོག་འགྲེལ་ཚོགས་པའི”ཁོངས་མིར་ཁ་བཏགས་གཡོགས།
         “གཅེན་གཅུང་སྒྲོག་འགྲེལ་ཚོགས་པ”དེ་བཙུགས་ནས་ལོ་ལྔ་ལས་ཕྱིན་མེད་ཀྱང་འབྲོག་ཁུལ་བུད་མེད་རྣམས་ཀྱིས་དགའ་པོ་བྱེད་དོན་གང་ཡིན་ནམ།
         “བུད་མེད་མང་པོ་ཞིག་ལ་ནད་གཞི་ཕོག་པའི་ཁར་ད་དུང་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་པས་ཐ་ན་མར་ཙམ་ཡང་ཟ་རྒྱུ་མེད”ཅེས་མེ་རྡོ་རྗེས་བརྗོད་པ་དང་། སྦྲ་ཆེན་ཡུལ་ཚོ་དང་། གསེར་དེའུ་ཡུལ་ཚོ། རྨེ་བ་ཡུལ་ཚོ་སོགས་ཤང་གྲོང་དུ་ལོ་46ལ་སླེབས་པའི་སྒྲོག་འགྲེལ་པ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མེ་རྡོ་རྗེས་རྟག་ཏུ་སྒྲོག་འགྲེལ་བྱེད་སྐབས་ཁོང་མིག་ཆུ་ཤོར་བ་སྟེ། ཁོང་ཚོར་ཁྱིམ་ཚང་གི་གཏུམ་སྤྱོད་དང་ཉེས་རྡུང་ཕོག་ཀྱང་ད་དུང་ཁོང་ཁྲོ་མི་ལངས་པར་བཟོད་བསྲན་བྱེད་པ་དེ་ཡིན། “བུད་མེད་ཚོ། གང་འདྲ་བྱེད་དགོས”ཞེས་ཁོ་མོས་བརྗོད།
         ཉན་མཁན་མང་ཆེ་བ་ཁ་བསྒྲགས་མི་ནུས་པར་སྡོད་ཅིང་། ལོ་ངོ་སྟོང་ཕྲག་རིང“ཕོ་མཆོག་མོ་དམན”གྱི་བསམ་བློ་ལུང་ཁུག་གི་འབྲོག་ཁུལ་དུ་རྩ་བ་བརྟན་པོ་ཚུགས་ཡོད། དམངས་སྲོལ་གཉེན་སྒྲིག་གི་ཤུགས་རྐྱེན་ཐེབས་ནས་ཕ་མ་ཡ་གྱར་གྱི་ཁྱིམ་ཚང་ལོ་རེ་བཞིན་མང་དུ་འགྲོ་བ་དང་འཕྲོད་བསྟེན་ཤེས་བྱ་དེ་བས་ཁྱབ་གདལ་གཏོང་ཁག་པ་སོགས་ཀྱིས་གངས་ལྗོངས་ས་མཐོའི་བུད་མེད་ལ་སྡུག་བསྔལ་ཆེན་པོ་བཟོ་གི་ཡོད།
         ས་ཆ་དེ་གའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་དེ་རིགས་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། གཅེན་གཅུང་ཞིག་ཡིན་པའི་ངོས་ནས་ཁོང་ཚོས་ཤེས་བྱ་དང་བཅའ་ཁྲིམས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་རྩྭ་ཐང་སྟེང་གི་ཆེས་རྗེས་ལུས་ཀྱི་རྣམ་པ་དེར་འགྱུར་ལྡོག་གཏོང་རྒྱུའི་སེམས་ཐག་བཅད་ཅིང་། 2013ལོ་ནས་བཟུང་ཧུང་ཡོན་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགོ་ཁྲིད་ནས་འཕྲོད་བསྟེན་དང་། ཁྲིམས་འཛིན། དམངས་སྲིད་སོགས་སྡེ་ཚན་ནས་བོད་རྒྱ་སྐད་གཉིས་ཤེས་པའི་བུད་མེད་ལས་བྱེད་པ་13ལེགས་འདེམས་བྱས་ཏེ“མ་ཡུམ་རྩྭ་ཐང་ལ་སེམས་ཁུར་བྱེད་པའི་གཅེན་གཅུང་སྒྲོག་འགྲེལ་ཚོགས་པ”གཅིག་བཙུགས་ཡོད།
         སྒྲོག་འགྲེལ་དེ་ཡང་ལག་པ་དང་། ངོ་གདོང་། གཟུགས་པོ་བཅས་འཁྲུ་བའི“འཁྲུ་བ་གསུམ”ནས་འགོ་བཙུགས་པ་དང་འབྲེལ་སྒྲིག་ཆས་ལ་རྟག་ཏུ་ཞིབ་བཤེར་བྱས་ནས་དེང་རབས་ཀྱི་རྒྱུན་ཤེས་གཅེན་གཅུང་སྒྲོག་འགྲེལ་པ་བརྒྱུད་ནས་རིམ་བཞིན་ས་མཐོའི་འབྲོག་པའི་འཚོ་བའི་ཁྲོད་དྲིལ་བསྒྲགས་ཐུབ་ཡོད། ཕྲུ་གུ་འཁོར་ཚེ་མ་བུ་བདེ་སྲུང་སྨན་ཁང་དུ་བསྐྱོད་ནས་ལོ་མའི་སྐྱུར་ལེན་ནས་ཟ་བ་དང་། སྨན་ཁང་དུ་དུས་ངེས་གཏན་བཞིན་བརྟག་དཔྱད་བྱེད་པར་སྐྱོད་པ། ཕྲུ་གུ་སྐྱེ་སྐབས་སྨན་ཁང་དུ་སྐྱོད་པ་སོགས་བྱེད་དགོས་པའི་སྒྲོག་འགྲེལ་བྱས་ཡོད།
         མེ་རྡོ་རྗེས་བུད་མེད་ཀྱི་ཀུན་སྤྱོད་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ཤེས་བྱ་བོད་ཡིག་ཏུ་བསྒྱུར་ནས་འབྲོག་ཁུལ་གྱི་བུད་མེད་ཚོར་སྒྲོག་འགྲེལ་བྱས་ཡོད། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་མཐོང་བས་ཁོ་མོ་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོ་མོས“འདི་ལོ་ཧུང་ཡོན་འབྲོག་ཁུལ་དུ་བཙན་གཡེམ་གྱི་གྱོད་གཞིའི་གྱོད་དོན་སྙན་སེང་ཐེངས་དང་པོ་འབྱོར་བ་དང་། སྦྲ་ཆེན་ཡུལ་ཚོ་གྲོང་རྡལ་ལ་བུད་མེད་ཀྱིས་ཁྱིམ་གྱི་གཏུམ་སྤྱོད་ལ་ངོ་རྒོལ་བྱས་པའི་གྱོད་དོན་སྙན་སེང་དང་པོ་དེ་འབྱོར་ཡོད། ད་དུང་ན་ནིང་གསེར་དེའུ་གཡུ་ཚོ་གྲོང་རྡལ་གྱི་བུད་མེད་གཅིག་ལ་ཁྱོ་བོས་ཉེས་རྡུང་བཏང་ནས་དྲན་པ་ཐོར་བ་དང་ལུས་པོ་ཡོངས་རྨས་ཁེངས་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་ཞུས་པས་བཟའ་ཚང་ལོགས་བཀར་ཐུབ་ཡོད”ཅེས་བརྗོད།
          ལོ་ལྔའི་རིང་རྩྭ་ཐང་གཅེན་གཅུང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གྲོང་ཚོ་དང་ལུང་ཁུག་མང་པོར་བསྐྱོད་པས་འབྲོག་ཁུལ་བུད་མེད་ཚོའི་གྲོགས་པོ་བློས་ཐུབ་ཏུ་གྱུར་ཡོད། ཁོང་ཚོས་བོད་རྒྱ་སྐད་གཉིས་ཀྱི་དཔྱད་ཡིག་ཁྲི་8ལྷག་ཙམ་དང་སྒོར་ཁྲི་25ལྷག་ཙམ་རི་བའི་བུད་མེད་ཀྱི་འཕྲོད་བསྟེན་མཁོ་ཆས་སྤྲད་པས་བུད་མེད་ཁྲི་3ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།