འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྫ་སྟོད་རྫོང་གྲོང་དུ་གསའ་ཐེངས་བཞི་སླེབས་ཤིང་གཙང་གསུམ་ཆུ་འགོ་ཁུལ་གྱི་གསའ་ཡི་
    རིགས་ཁྱུ་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ལམ་ལོ་ཤས་རིང་སྣོད་བཅུད་ལེགས་སུ་ཕྱིན་པ་དང་སྲོག་ཆགས་སྲུང་སྐྱོང་ལ་སྤྱི་ཚོགས་ཞུགས་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་གཙང་གསུམ་ཆུ་འགོ་ཁུལ་གྱི་གསའ་ཡི་རིགས་ཁྱུ་མང་དུ་ཕྱིན་ཡོད་པ་རེད།
         ཉེ་ལམ་ལོ་ཤས་རིང་གཙང་གསུམ་ཆུ་འགོ་ཁུལ་དུ་མིའི་རིགས་ཀྱིས་བར་ཐག་ཉེ་པོ་ནས་གསའ་མཐོང་བའི་གནས་ཚུལ་མང་པོ་ཐོན་ཡོད་པ་རེད། དེའི་རིང་འབྲོག་པ་དང་ཚན་ཞིབ་མི་སྣས་ད་དུང་གསའ་ཕྲུག་དང་གསའ་དར་མ་བརྩེ་བར་རོལ་བའི་མཐོང་དཀོན་པའི་རྣམ་པ་པར་ལེན་ཐུབ་ཡོད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་རུ་གསའ་དེ་རིགས་སྔ་རྗེས་སུ་རྫ་སྟོད་རྫོང་གྲོང་དུ་ཐེངས་བཞི་སླེབས་ནས་དེ་ཁུལ་གྱི་གྲོང་མིས་བར་ཐག་ཉེ་པོས་མཐོང་ཡོད་པ་རེད།
         “གནས་ཚུལ་དེ་དག་ལས་དེ་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ནུས་ལྡན་སྤེལ་བས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ཞི་མཐུན་ཐུབ་ལུགས་མཚོན་ཡོད”ཅེས་པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་ཤའོ་ལིན་ཡུན་གྱིས་དེ་ལྟར་བརྗོད་ཀྱི་འདུག
         ཉེ་ཆར་ཚན་ཞིབ་མི་སྣས་མི་མེད་དམར་ཕྱིའི་པར་ཆས་ཁྱེར་ནས་ལྟ་དཔྱད་ཚད་ལེན་ཐེངས་མང་བྱས་པ་བརྒྱུད་ཤེས་རྟོགས་ཐུབ་པར་གཞིགས་ན། རྫ་ཆུའི་ཆུ་འགོའི་ཁུལ་ཁོ་ནར་གསའ་300ལྷག་ཙམ་འཚོ་གནས་བྱེད་ཀྱི་ཡོད་པ་རེད། ཉེ་བའི་སྐབས་གཉིས་ཀྱི་གོ་ལ་ཧྲིལ་པོའི་གསའ་ཡི་དབུ་ཚོགས་ཐོག་གཙང་གསུམ་ཆུ་འགོ་ཁུལ་དེ་ཉིད་རིག་གཞུང་ལས་རིགས་ཀྱིས་འཛམ་གླིང་ཐོག་གསའ་ཁྱབ་མང་ཤོས་དང་རིགས་ཁྱུའི་གྲངས་འབོར་འཕར་མང་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་ཏུ་ངོས་འཛིན་བྱས་པ་རེད།
         “གཙང་གསུམ་ཆུ་འགོ་ནི་ཀྲུང་གོའི་གྲངས་འབོར་དེ་ཙམ་མང་པོ་མེད་པའི་ཤ་གཟན་སྲོག་ཆགས་ཆེ་རིགས་གཙོ་བོར་བྱེད་པའི་གཟན་ཕྲེང་མ་ལག་ཅིག་ཡིན་ལ་རང་རྒྱལ་གྱི་ཤ་གཟན་སྲོག་ཆགས་རིགས་ཁྱུ་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད”ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་སུའུ་དབྱང་གིས་དེ་ལྟར་བརྗོད་པ་དང་། ཁོང་གིས་ཉེ་ལམ་ལོ་ཤས་རིང་ས་ཁུལ་དེ་གས་སྣོད་བཅུད་སྲུང་སྐྱོང་ཐད་འབད་བརྩོན་བྱས་པས་གསའ་ཡི་རིགས་ཁྱུའི་ལས་དབང་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་ཅེས་བརྗོད་ཀྱི་འདུག
         པེ་ཅིང་གི་དུས་ཚོད་ཟླ་9ཚེས་14ཉིན་གྱི་དགོང་མོ་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་གསའ་ཡི་འཚོ་གནས་གནས་ཚུལ་དེ“སྟོངས་ལ་ཉེ་བ”ནས“ཉེན་འགྱུར་སླ་བ”བར་ལེགས་སྒྲིག་བྱས་པ་དང་། དེ་ཐོག་ནས་སྲོག་ཆགས་རིགས་ཁྱུ་དེ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་སྐྱེ་འཕེལ་ཐུབ་པའི་སྲོག་ཆགས་2500ལྷག་ཙམ་ཟིན་པ་དང་། འདས་ཟིན་པའི་ལོ་16ནང་སྲོག་ཆགས་དེའི་རིགས་ཁྱུ་ཉུང་དུ་འགྲོ་བའི་གྲངས་འབོར་རིགས་ཁྱུ་ཡོངས་ཀྱི་20%ལས་དམའ་བ་ཡོད་པ་མཚོན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོ་ལ་ཧྲིལ་པོའི་རིགས་ཁྱུའི་གཞི་རྒྱུའི་མཛོད་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁུལ་ཆེན་གལ་ཆེན་ཞིག་ཡིན་པའི་ཆ་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་ཕྱི་རྒྱལ་གྱི་ཚན་ཞིབ་སྒྲིག་གཞི་དང་འཛམ་གླིང་གི་གྲགས་ཅན་རྒྱལ་ཁབ་སྤྱི་གླིང་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་རིམ་པ་མཐོ་བ་དང་ས་ཁོངས་སྒྲོལ་བའི་བློ་འདྲི་རིགས་གཅིག་མཁས་ཅན་ཚོགས་ཆུང་འཛུགས་རྒྱུའི་གྲ་སྒྲིག་བྱས་ཏེ་སླད་ཕྱིན་གསའ་སོགས་སྐྱེ་དངོས་སྣ་མང་རང་བཞིན་ཞིབ་འཇུག་ལ་བློ་རིག་གི་འདེགས་སྐྱོར་དེ་བས་མང་བ་བྱེད་ཆེད་དེ་བས་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྲུང་སྐྱོང་བྱ་ཐབས་འཚོལ་ཞིབ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།