འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ནད་ཆེན་དང་གཅོང་ནད་ཕོག་པའི་ནད་པ་དབུལ་པོ་ཁྲི་360སྨན་བཅོས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་པེ་ཅིང་ཚོགས་འདུའི་ལྟེ་གནས་སུ་2017ལོའི་དབུལ་སྐྱོར་ཉིན་མོའི་རིམ་སྤེལ་བྱེད་སྒོ་སྟེ་བདེ་ཐང་དབུལ་སྐྱོར་གྱི་གླེང་སྟེགས་གཉེར་བ་རེད། གསར་འགོད་པས་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར་རྒྱལ་ཡོངས་ཀྱི་ནད་ཆེན་དང་གཅོང་ནད་ཕོག་པའི་ནད་པ་དབུལ་པོ་ཁྲི་360རིགས་དབྱེ་སྨན་བཅོས་ཐུབ་པ་དང་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་འགྲོ་གྲོན་རྩིས་ཞུ་དངོས་བྱེད་ཚད་80—90%ཡི་བར་མཐོ་རུ་བཏང་ནས་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་སྔོན་འགོག་ཧུར་ཐག་བྱས་པ་རེད།
           རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཕེ་ཨན་གྱིས་གླེང་སྟེགས་ཐོག་རང་རྒྱལ་གྱི་ད་ཡོད་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ལས་ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་བསྡུར་ཚད་ཀྱིས་44%བཟུང་བ་དང་། ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་བྱེད་པ་ནི་དབུལ་པོ་ཆགས་པའི་རྒྱུ་རྐྱེན་མངོན་གསལ་དོད་ཤོས་དེ་རེད། ཉེ་ཆར། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》པར་འགྲེམས་བྱས་ནས་བདེ་ཐང་དབུལ་སྐྱོར་ཤིན་ཏུ་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པའི་ལས་འགན་ཨང་དང་པོར་བརྩིས་ནས་བཀོད་སྒྲིག་འགངས་ཆེན་བྱས་ཡོད། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་སོགས་འབྲེལ་ཡོད་སྡེ་ཚན་དང་བདེ་ཐང་དབུལ་སྐྱོར་གྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཁག་གཅིག་ནད་ཆེན་གཅིག་སྡུད་སྨན་བཅོས་བྱེད་པ་དང་། ཁག་གཅིག་གཅོང་ནད་གན་རྒྱ་བཞག་ནས་ཞབས་ཞུ་དོ་དམ་བྱེད་པ། ཁག་གཅིག་ནད་ཚབས་ཆེན་མཐའ་སྐྱོང་འགན་ལེན་བྱེད་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། ཡུལ་བབ་དང་། མི། ནད་བབ་བཅས་དང་བསྟུན་ནས་ཇུས་བཏོན་ཏེ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ“ནད་ལྟ་ཐུབ་པ་དང་། ནད་ཡག་པོ་ལྟ་ཐུབ་པ། ནད་ལྟ་བར་སྟབས་བདེ་བ། ནད་ཉུང་བ”བཅས་ཧུར་ཐག་ཡོང་བར་བྱས་ནས་ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་དགོས་པ་བསྟན་པ་རེད།
          མི་འབོར་དབུལ་པོའི་སྨན་བཅོས་མཐའ་སྐྱོང་འགན་ལེན་ལམ་སྲོལ་བཙུགས་ཏེ་མི་འབོར་དབུལ་པོ་ནད་ལྟ་ཐུབ་པ་བྱས་ཤིང་། ཞིང་ཆེན་མང་པོས་བདེ་ཐང་དབུལ་སྐྱོར་གྱི་འགན་བཅོལ་ཁ་གསབ་མཐའ་སྐྱོང་དང་། ནོར་སྲིད་ཀྱིས་ཐད་ཀར་མཐའ་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་མཐའ་སྐྱོང་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད། སྨན་བཅོས་མཐའ་སྐྱོང་གི་འགན་ལེན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་འགྲོ་གྲོན་རྩིས་ཞུ་དངོས་བྱེད་པའི་བསྡུར་ཚད་80—90%ཡི་བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། ནད་པ་དབུལ་པོ་སྨན་ཁང་ནས་དོན་སྐབས་རང་ཉིད་ཀྱིས་སྤྲོད་དགོས་པའི་སྨན་བཅོས་འགྲོ་གྲོན་རྩིས་བརྒྱབ་ན་འགྲིག་གི་ཡོད་པ་ལས་འགྲོ་གྲོན་ལྷག་མ་སྔོན་ལ་སྤྲོད་དགོས་ཀྱི་མེད།
           ནད་ཆེན་དང་གཅོང་ནད་ཕོག་པའི་ནད་པ་དབུལ་པོར་རིགས་དབྱེ་སྨན་བཅོས་བྱས་ནས་མི་འབོར་དབུལ་པོ་ནད་ཡག་པོ་ལྟ་ཐུབ་པར་བྱས་ཤིང་། སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ལྕི་བ་དང་སྨན་བཅོས་ཕན་འབྲས་མངོན་གསལ་དོད་པའི་བྱིས་པའི་ཁྲག་སྐྲན་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད། མཁལ་ནད་ཕོག་ནས་ཡུན་རིང་སོང་བ་སོགས་ཀྱི་ནད་ཆེན་རིགས་9ཐོག་མར་གདམ་གསེས་བྱས་ནས་མི་ཁྲི་11.5ལ་སྨན་བཅོས་བྱས་པ་རེད།
          ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་དབུལ་པོའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་ནས་མི་འབོར་དབུལ་པོ་ནད་ལྟ་བར་སྟབས་བདེ་བསྐྲུན་ཅིང་། རྒྱལ་ཡོངས་ཀྱི་རིམ་པ་གསུམ་པའི་སྨན་ཁང་963སྒྲིག་འཛུགས་བྱས་ནས་རྫོང་དབུལ་པོ་832ཀྱི་རྫོང་རིམ་པའི་སྨན་ཁང་1180རུ་ཁ་གཏད་རོགས་སྐྱོར་བྱས་པ་རེད།
          ནད་ཡམས་སྔོན་འགོག་ཚོད་འཛིན་དང་དབུལ་སྐྱོར་གསར་སྤེལ་ཟུང་འབྲེལ་བྱས་ནས་མི་འབོར་དབུལ་པོར་ནད་ཕོག་ཚད་ཉུང་དུ་བཏང་ཞིང་། སི་ཁྲོན་བོད་རིགས་ས་ཁུལ་དང་། བོད་རང་སྐྱོང་ལྗོངས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་དང་དེ་བཞིན་མགོ་ལོག་ཀྲོའུ་བཅས་སུ་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ནས་མི་ཁྲི་270ལྷག་ཙམ་ལ་བརྟག་དཔྱད་བྱས་པ་རེད།
         གོམ་སྟབས་རྗེས་མར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་སྨན་བཅོས་མཐའ་སྐྱོང་འགན་ལེན་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་ཏེ་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་འགན་ལེན་གྱི་ཐབས་ལམ་ཞིག་མང་དུ་བཏང་ནས་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་རང་ཉིད་ཀྱིས་རྩིས་རྒྱག་པའི་བསྡུར་ཚད་10%ཙམ་དུ་ཚོད་འཛིན་བྱས་པ་དང་། སྒོ་བསྟེན་སྨན་ཁང་གི་འགྲོ་གྲོན་མི་སྒེར་གྱིས་རྩིས་རྒྱག་པའི་བསྡུར་ཚད་20%ཡི་ནང་ཚོད་འཛིན་བྱས་ནས་ལོ་འཁོར་གྱི་མི་སྒེར་གྱིས་རྩིས་རྒྱག་པའི་སྨན་བཅོས་འགྲོ་གྲོན་ས་གནས་དེ་གའི་གྲོང་གསེབ་ཀྱི་གྲོང་མིའི་ལོ་འཁོར་གྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་མི་མང་བ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།