འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་54.6%བར་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཉེ་བའི་ལོ་ཤས་རིང་རང་རྒྱལ་རྩྭ་ཐང་གི་སྣོད་བཅུད་བསྐྱར་གསོ་ཐུབ་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད་ལ་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ཞན་དུ་འགྲོ་བའི་རྣམ་པ་བཀག་འགོག་ནུས་ལྡན་ཐུབ་ཡོད་པ་རེད། ཞིང་ལས་པུའི་བསྡོམས་རྩིས་གསར་ཤོས་ལ་གཞིགས་ན། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་54.6%ཟིན་ནས་དེ་གོང་གི་ལོ་5ལས་བརྒྱ་ཆའི་གྲངས་3.6འཕར་ཡོད་པ་རེད།
           དེ་ནི་གསར་འགོད་པས་ཚེས་10ཉིན་འཚོགས་པའི་2017ལོའི་ཀྲུང་གོའི་རྩྭ་ཐང་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་ཅེས་པ་ནི་ས་ཁོངས་ཤིག་གི་རྩྭ་སའི་རིགས་གཙོ་བོའི་སྔོ་ཁེབས་ཁྱབ་ཚད་དང་དེས་བཟུང་བའི་རྒྱ་ཁྱོན་བསྡུར་ཚད་ཀྱི་དབང་སྣོན་ཆ་སྙོམས་སྟོན་གྲངས་ལ་ཟེར་ཞིང་། གཙོ་བོ་རྩྭ་ཐང་གི་ཕྱུགས་རྩྭ་སྐྱེ་འཚར་བཟང་བའི་ཚད་གཞི་མངོན་གྱི་ཡོད་པ་རེད།
           ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་གིས་རྩྭ་ཐང་འབྲོག་ཁུལ་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་རྩྭ་ཐང་གི་སྣོད་བཅུད་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་ལས་གྲྭའི་རྣམ་གྲངས་མུ་མཐུད་ལག་བསྟར་བྱེད་པ། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་ལོ་ལྟར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་གྱི་ཡོད་པ་རེད། སྐུལ་འདེད་དེའི་འོག་ལོ་ལྔའི་རིང་རྒྱལ་ཡོངས་ཀྱི་གཙོ་གནད་རང་བྱུང་རྩྭ་ཐང་དུ་ཆ་སྙོམས་ཕྱུགས་འཚོ་ཚད་རིམ་རྩིས་ལྟར་ན་བརྒྱ་ཆའི་གྲངས་15ཆག་ཡོད་པ་རེད། རྒྱལ་ཡོངས་ཀྱི་རང་བྱུང་རྩྭ་ཐང་གི་ལྗང་པའི་ཐོན་ཚད་ལོ་6བསྟུད་མར་ཏུན་དུང་ཕྱུར་10ལྷག་ཙམ་འཕར་ནས་བརྟན་ཐོག་འཕར་སྣོན་བྱུང་ཡོད་པ་རེད།
          “རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་བ་དང་། རྩྭ་ཐང་གི་འབྲོག་ལས་མུ་མཐུད་སྐྱོན་བྲལ་འཕེལ་རྒྱས་ཕྱིན་པ། འབྲོག་པའི་ཡོང་འབབ་མུ་མཐུད་བརྟན་པོ་འཕར་བ། རྩྭ་ཐང་གི་ཚན་རྩལ་ཆུ་ཚད་མཐོ་རུ་མངོན་གསལ་ཕྱིན་པ་བཅས་བྱུང་བ་མ་ཟད། ད་དུང་རྩྭའི་ཐོན་ལས་ཀྱང་མུ་མཐུད་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད”ཅེས་ཡུས་ཁང་ཀྲེང་གིས་བརྗོད་པ་རེད། དེ་དང་ཆབས་ཅིག་ཁོང་གིས་རྩྭ་ཐང་དོ་དམ་དང་རྩྭ་ཐང་འབྲོག་ཁུལ་འཕེལ་རྒྱས་སོགས་ཀྱི་ཐད་ད་དུང་གང་མགྱོགས་ཐག་གཅོད་བྱེད་དགོས་པའི་གནད་དོན་མངོན་གསལ་དོད་པོ་འཕྲད་ཡོད། བཟོ་ལས་ཅན་དང་གྲོང་རྡལ་ཅན་ལ་སྐུལ་འདེད་ཐེབས་པ་དང་བསྟུན་ནས་རྩྭ་ཐང་གི་ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་གནོན་ཤུགས་ཇེ་ཆེར་ཕྱིན་པ་དང་རྩྭ་ཐང་གི་གདོད་མའི་སྣོད་བཅུད་འཛུགས་སྐྲུན་གྱི་གྲུབ་འབྲས་བརྟན་དུ་དང་སྲུང་སྐྱོབ་བྱེད་པའི་ལས་འགན་སྔར་བཞིན་ལྕི་པོ་ཡོད་ཅེས་བརྗོད་པ་རེད།
           ད་དུང་ཡུས་ཁང་ཀྲེན་གྱིས་གོམ་སྟབས་རྗེས་མར་ཞིང་ལས་པུས་རྩྭ་ཐང་གི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་ལམ་ལུགས་ཀྱི་མ་ལག་གང་མགྱོགས་འཛུགས་པ་དང་འབྲེལ་རྩྭ་ཐང་གི་སྣོད་བཅུད་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་པ་དང་། རྩྭ་ཐང་ཐོག་ཕྱུགས་འཚོ་མཚམས་འཇོག་པ་དང་རྩྭ་ཐང་དང་ཕྱུགས་རིགས་དོ་སྙོམས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ་རེད། དེ་དང་དུས་མཚུངས་རྩྭ་ལས་དང་འབྲོག་ལས་དུས་མཚུངས་སུ་འཕེལ་རྒྱས་བཏང་ནས་དེང་རབས་རྩྭ་ལས་དང་འབྲོག་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་གང་མགྱོགས་བྱེད་པ་དང་ཐོན་ལས་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་གནས་ཚད་མཐོ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་དང་འབྲོག་པར་འབབ་འཕར་གཉིས་ཁེ་ཡོང་བ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།