འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་ཚད་སྔར་བས་མང་དུ་སོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པའི་《2016ལོའི་རྒྱལ་ཡོངས་ཚན་རྩལ་གྲོན་དངུལ་བཏང་བའི་བསྡོམས་རྩིས་སྤྱི་བསྒྲགས་》ལས་མངོན་པར། 2016ལོར་རང་རྒྱལ་གྱིས་ཞིབ་འཇུག་གསར་སྤེལ་ལ་བཏང་བའི་གྲོན་དངུལ་བསྡོམས་སྒོར་དུང་ཕྱུར་15676.7ཟིན་པ་དེ་ལོ་གོང་མ་ལས་10.6%འཕར་བ་དང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.7མཐོ་རུ་སོང་ནས་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་ཞིག་སླར་ཡང་བཏོད་ཡོད།
           རྒྱལ་ཁབ་བསྡོམས་རྩིས་ཅུས་སྤྱི་ཚོགས་ཚན་རིག་རིག་གནས་སིའི་མཐོ་རིམ་བསྡོམས་རྩིས་པ་ཀོན་ཞའོ་ཅིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་2012ལོའི་ཚུན་དུ་ཞིབ་འཇུག་གསར་སྤེལ་གྲོན་དངུལ་འཕར་ཚད་ལོ་བཞི་བསྟུད་མར་ཆག་རྗེས་ཀྱི་འཕར་ཐེངས་དང་པོ་རེད་ལ། ཞིབ་འཇུག་གསར་སྤེལ་གྲོན་དངུལ་2014ལོ་དང་2015ལོ་གཉིས་བསྟུད་མར་གྲངས་གནས་གཅིག་འཕར་རྗེས་འཕར་ཚད་10%ཡན་བསྐྱར་དུ་ཟིན་པ་ཞིག་ཀྱང་རེད།
          ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་ཤུགས་བརྟན་པོའི་སྒོ་ནས་ཆེ་རུ་སོང་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་རང་རྒྱལ་དབར་གྱི་ཧེ་བག་ལོ་རེ་བཞིན་ཆུང་དུ་འགྲོ་བཞིན་ཡོད། 2016ལོར་རང་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་ཚད་2.11%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.05ཟིན་པ་དང་ལོ་གསུམ་བསྟུད་མར་2%ལས་བརྒལ་ཡོད་པ་དེ་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་15ཡི་ཆ་སྙོམས་ཆུ་ཚད་2.08%ལས་མཐོ་བ་ཡོད།
           ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་ཆབས་ཅིག ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་བའི་གྲུབ་ཆའང་མུ་མཐུད་ལེགས་སུ་སོང་ཞིང་། 2016ལོར་རྨང་གཞིའི་ཞིབ་འཇུག་གིས་བཟུང་བའི་བསྡུར་གྲངས་ཐད་ལོ་གོང་མའི་འཕར་ཚུལ་མུ་མཐུད་རྒྱུན་འཁྱོངས་བྱུང་ནས་5.2%ཟིན་པ་དེ་ཉེ་བའི་ལོ་བཅུའི་རིང་གི་ཆུ་ཚད་མཐོ་ཤོས་ཡིན་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་སྒོར་དུང་ཕྱུར་2915.7ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11%འཕར་བ་དེ་བཟོ་སྐྲུན་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.4ཡིས་མཐོ་བ་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཞིབ་འཇུག་གསར་སྤེལ་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་ནས་རང་རྒྱལ་གྱི་དཔལ་འབྱོར་སྤུས་མཐོ་ཕན་ཆེ་དང་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་ཐད་འདེགས་སྐྱོར་དང་སྐུལ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། གཞན་ཡང་2016ལོར་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་མང་དུ་སོང་བའི་ནང་ཁེ་ལས་ཀྱིས་ལེགས་སྐྱེས་འབུལ་ཚད་83.8%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་12.7མཐོ་རུ་སོང་བ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་མང་དུ་སོང་བའི་ནང་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་སྔར་བས་ཆེ་རུ་སོང་ཡོད།
           རང་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་ཚད་མུ་མཐུད་མཐོ་རུ་སོང་བ་དེ་སྲིད་གཞུང་གི་ཁྲིད་སྟོན་དང་སྲིད་ཇུས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་སོང་བ་ལས་བྱུང་བ་ཞིག་རེད། 2016ལོར་རྒྱལ་ཁབ་ཀྱི་ནོར་སྲིད་ཚན་རྩལ་གཏོང་སྒོ་སྒོར་དུང་ཕྱུར་7760.7ཟིན་པ་དེ་ལོ་གོང་མ་ལས་10.8%འཕར་བ་དང་འཕར་ཚད་ཉེ་བའི་ལོ་ཤས་རིང་གི་ཆུ་ཚད་མཐོ་ཤོས་རེད།
      

    ཕྱོགས་བསྡུས་གསར་འགྱུར།