འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་རྒྱུའི་རིགས་གཅིག་མཁས་ཅན་དང་མཁས་དབང་གཏེར་ལེན་ཁར་འཛོམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་2017ཀྲུང་གོ·གཏེར་ལེན་ཁའི་ཉི་འོད་ཚ་ནུས་ཚོགས་ཆེན་སྐབས་གཉིས་པ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཡོངས་ཀྱི་ནུས་རྒྱུའི་རིགས་གཅིག་མཁས་ཅན་དང་མཁས་དབང་600ལྷག་ཚྭ་འདམ་གཤོངས་སར་འཛོམས་ནས་ཉི་འོད་ཚ་ནུས་ཐོན་ལས་ཀྱི་སྣ་མང་འཕེལ་རྒྱས་ལ་མཉམ་དུ་འཚོལ་ཞིབ་བྱས་ཏེ་གཏེར་ལེན་ཁར“ཉི་འོད་ཚ་ནུས་ཀྱི་གྲོང་ཁྱེར”གཏོད་རོགས་བྱས་པ་རེད།
         ད་རེས་ཀྱི་ཉི་འོད་ཚ་ནུས་ཚོགས་ཆེན་གྱིས“ནུས་རྒྱུ་གཙང་མའི་མཐོ་སར་དམིགས་ནས། འཛམ་གླིང་གི་ཉི་འོད་ཚ་ནུས་ཀྱི་གྲོང་ཁྱེར་སྐྲུན”པའི་བརྗོད་གཞི་གཙོ་བོར་བཟུང་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། ཆེད་དོན་གླེང་སྟེགས། འགྲེམས་སྟོན། གླིང་ཁུལ་ལྟ་སྐོར་སོགས་བྱེད་སྒོ་མང་པོ་བཀོད་སྒྲིག་བྱས་ཤིང་། དམིགས་ཡུལ་ནི་ཉི་འོད་ཚ་ནུས་ཁྱབ་ཁོངས་སུ་འཚོལ་ཞིབ་དང་སྤེལ་རེས་བྱེད་པར་དམིགས་ནས་རྒྱལ་ཁབ་ཀྱི་ཉི་འོད་ཚ་ནུས་ཐོན་ལས་འཕེལ་རྒྱས་དང་། སྲིད་ཇུས་ཁྱབ་བསྒྲགས། ལག་རྩལ་གསར་གཏོད། ཐོན་ཁུངས་འབྲེལ་མཐུད། དེ་བཞིན་ཐོན་ནུས་མཉམ་ལས་བཅས་ཀྱི་ལས་སྟེགས་གལ་ཆེན་འཛུགས་སྐྱོང་དང་དེར་སྐུལ་མ་གཏོང་རྒྱུ་དེ་རེད།
        ཤེས་རྟོགས་བྱུང་བ་ལྟར་ན། ཉི་འོད་ཚ་ནུས་གློག་འདོན་གྱི་དཔེ་སྟོན་རྣམ་གྲངས་ཁག་དང་པོའི་འཛུགས་སྐྲུན་རྟེན་གཞི་ཡི་གྲས་ཡིན་པའི་ངོས་ནས་གཏེར་ལེན་ཁ་གྲོང་ཁྱེར་གྱིས་སྤྱིར་ན“ལག་རྩལ་གྱི་ཚོད་ལྟ་དང་སྒྲིག་ཆས་བཟོ་བ། གློག་འདོན་ས་ཚིགས”བཅས་གཞི་གཅིག་གི་ནུས་རྒྱུ་གསར་པའི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་རྣམ་པ་ཞིག་འཛུགས་སྐྱོང་བྱས་པས། རྒྱལ་ཡོངས་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་འབྲེལ་ཐག་གཅིག་སྡུད་ཀྱིས་འཕེལ་རྒྱས་གཏོང་བར་ཆ་རྐྱེན་ལྡན་པའི་ས་ཁུལ་ཐོག་མར་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།