འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོ་ལའི་ཕུག་ལམ་ལ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན་འཛམ་བུ་གླིང་གི་ས་བབ་མཐོ་ཤོས་ཀྱི་སྣུམ་ནག་ལམ་གྱི་ཕུག་ལམ་རིང་ཤོས་ཁྲོ་ལའི་ཕུག་ལམ་ལ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད། ཁྲོ་ལའི་ཕུག་ལམ་དེས་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དུ་ཕུག་ལམ་སྐྲུན་པའི་དཀའ་གནད་མང་པོ་འགག་སྒྲོལ་བྱས་པ་དང་ལོ་བཅུ་གྲངས་རིང་ཁྲོན་བོད་བྱང་ལམ་གྱི་འགག་གནད་བསལ་ཏེ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་བཏང་ཡོད།
         ཁྲོ་ལ་ནི་ཁྲོན་བོད་བྱང་ལམ་གྱི་རྒྱལ་ལམ་317དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྡེ་དགེ་རྫོང་གི་ཁོངས་སུ་ཡོད། ཁྲོ་ལའི་ལ་རྩེར་ས་བབ་སྨི་6168ཟིན་པ་དང་། ལ་རྩེར་ཟླ་བ་བརྒྱད་ཙམ་གངས་ཀྱིས་བཀླུབས་པ། ལ་མཐོ་ལ་ལམ་གཟར་བ་དང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པས“ཁྲོན་བོད་ཀྱི་བཙན་འགག”ཞེས་བརྗོད་ཀྱི་ཡོད།
         ཁྲོ་ལའི་གཞུང་ལམ་ནི་སི་ཁྲོན་ས་ཁོངས་སུ་གནས་པའི་རྒྱལ་ལམ་317གྱི་ས་བབ་མཐོ་ཤོས་ཀྱི་ལམ་དུམ་རེད། དཀར་མཛེས་ཀྲོའུ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཝང་ཆང་གིས་ཁྲོ་ལའི་ཕུག་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་12.995ཟིན་པ་དང་ཕྱོགས་སོ་སོར་འཁོར་ལམ་གཉིས་རེ་ཡོད། ཕུག་ལམ་དེ་རིམ་པ་གཉིས་པའི་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་པ་དང་ཆུ་ཚོད་རེར་སྤྱི་ལེ་40གཏང་ཆོག ཚོད་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་12.83བཏང་བ་དང་ལས་ཡུན་ལོ་5འགོར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         སི་ཁྲོན་གཞུང་ལམ་ཇུས་འགོད་ཁང་གི་མཐོ་རིམ་བཟོ་བཀོད་པ་དང་ཁྲོ་ལའི་ཕུག་ལམ་གྱི་ཇུས་འགོད་པ་ཡུས་ཡན་གྱིས་ཁྲོ་ལའི་ཕུག་ལམ་གྱི་འཛུལ་སྒོའི་ས་བབ་སྨི་4378ཟིན་པ་དང་ཐོན་སྒོའི་ས་བབ་སྨི་4232ཟིན་པས་མིག་སྔའི་བར་འཛམ་བུ་གླིང་གི་ས་བབ་མཐོ་ཤོས་ཀྱི་སྣུམ་ནག་ལམ་གྱི་ཕུག་ལམ་རིང་ཤོས་དེ་རེད། གསོ་རླུང་འདུ་ཚད་ཉུང་བ་དང་། དྲོད་ཚད་དམའ་བ། ཕུག་ལམ་རིང་བ་བཅས་ནི་ཕུག་ལམ་དེའི་ཁྱད་ཆོས་ཆེ་ཤོས་དང་དཀའ་གནད་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་2012ལོ་ནས་སྐྲུན་འགོ་ཚུགས་ཚུན་འཛུགས་སྐྲུན་པ་3000ལྷག་ཙམ་གྱིས་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། གསོ་རླུང་དཀོན་པ་སོགས་དཀའ་གནད་མང་པོ་ཁྱད་བསད་བྱས་ཏེ་ས་བབ་སྨི་4300ཡན་དུ་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁྲོ་ལ་རྒྱག་པར་རླངས་འཁོར་གྱིས་སྐར་མ་བཅུ་ལས་སྐྱོད་དགོས་མེད་ལ། ཆུ་ཚོད་གཉིས་ཙམ་འགོར་བའི་ཉེན་ཡོད་རི་ལམ་དུ་དེ་བས་ཀྱང་སྐྱོད་དགོས་མེད། ལྷག་དོན་དུ་དེ་སྔའི་ལམ་ཐག་དང་བསྡུར་ན་སྤྱི་ལེ་20ཙམ་ཐུང་དུ་ཕྱིན་པ་མ་ཟད། དེ་སྔའི་གངས་རྡིབ་རྒྱག་སླ་བའི་ཉེན་ཡོད་ལམ་དུམ་དང་འདམ་རྡོའི་ཆུ་རུད་ལམ་དུམ་མང་པོ་དང་དེ་བཞིན་འཁྱག་ས་དང་། ཐུར་གཟར། གངས་སྐྱོན། འཁྱག་སྐྱོན་སོགས་མངོན་མེད་རྐྱེན་ངན་མང་པོ་ཡོད་པའི་ལམ་དུམ་མང་པོ་གཡོལ་ཐུབ་ནས་རྒྱལ་ལམ་317གྱི་ཁྲོ་ལའི་ལམ་དུམ་ལོ་ཧྲིལ་པོར་བདེ་འཇགས་ངང་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།