འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཁའ་དབྱིངས་ཀྱི་བོད་ལྗོངས་ཞེས་པའི་གྲངས་འཛིན་སྒྱུ་རྩལ་འགྲེམས་སྟོན་མོ་སི་ཁོར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན། ས་གནས་དེའི་དུས་ཚོད་ཚེས་25ཉིན་གྱི་དགོང་མོར“མཁའ་དབྱིངས་ཀྱི་བོད་ལྗོངས། མི་ཡུལ་གྱི་གནས་མཆོག”ཅེས་པའི་གྲངས་འཛིན་སྒྱུ་རྩལ་འགྲེམས་སྟོན་དེ་མོ་སི་ཁོར་གཉེར་འགོ་ཚུགས་པ་རེད། འགྲེམས་སྟོན་དེ་མིག་སྔར་དར་ཁྱབ་ཆེ་ཤོས་ཡིན་པའི་རྟོག་བཟོའི་དངོས་ཚོར་ལག་རྩལ་ལ་བརྟེན་ནས་ཨུ་རུ་སུའི་ལྟད་མོ་བ་ཚོར་བོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད་པ་རེད།
         མཁའ་དབྱིངས་ཀྱི་བོད་ལྗོངས་ཞེས་པའི་གྲངས་འཛིན་སྒྱུ་རྩལ་འགྲེམས་སྟོན་དེ་ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི་དང་། ཤིན་ཧྭ་གསར་འགྱུར་ཁང་གསར་འགྱུར་ཆ་འཕྲིན་ལྟེ་གནས། མོ་སི་ཁོར་ཚོར་པའི་ཀྲུང་གོའི་རིག་གནས་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། འགྲེམས་སྟོན་བྱེད་ཡུན་ཉིན་ལྔ་ཡིན་པ་རེད།
         ད་ཐེངས་ཀྱི་འགྲེམས་སྟོན་དེར་སྒྲ་འོད་གློག་གི་ལག་རྩལ་དང་། དངོས་ཚོར་ཆེ་བའི(AR) རྟོག་བཟོའི་དངོས་ཚོར(VR)རང་གཤིས་ལྡན་པའི་མཉམ་སྐུལ་སོགས་ལག་རྩལ་གསར་ཤོས་ལ་བརྟེན་ནས་ཨུ་རུ་སུའི་ལྟད་མོ་བ་ཚོར་ཕོ་བྲང་པོ་ཏ་ལ་དང་ཡར་འབྲོག་གཡུ་མཚོ་སོགས་མཛེས་ལྗོངས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ཨུ་རུ་སུའི་ལྟད་མོ་བས་རང་ཉིད་ཐད་འཕུར་གནམ་གྲུར་བསྡད་ནས་ཕོ་བྲང་ནང་འབྱོར་བ་སོགས་བོད་ལ་སླེབས་པ་ལྟར་གྱི་ཚོར་སྣང་བྱུང་ཡོད་པ་རེད།
         ཀྲེན་མོང་གིས་ཀྲུང་གོ་སྒུལ་བདེ་ཀུང་སིས་དུས་ཡུན་རིང་པོའི་ནང་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་འཛམ་གླིང་ལ་བོད་ལྗོངས་མངོན་པར་བྱ་རྒྱུར་གཞོལ་བ་དང་ད་རེས་ཀྱི་འགྲེམས་སྟོན་དེ“མཁའ་དབྱིངས་ཀྱི་བོད་ལྗོངས། མི་ཡུལ་གྱི་གནས་མཆོག”ཅེས་པའི་རིམ་སྤེལ་འགྲེམས་སྟོན་གྱི་ས་ཚིགས་གཉིས་པ་ཡིན་པ་དང་དེ་རྗེས་སླར་ཡང་ཡོ་རོབ་ཀྱི་རྒྱལ་ཁབ་གསུམ་ལ་བསྐྱོད་རྒྱུ་རེད་ཅེས་བརྗོད་པ་རེད།
         ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨང་དང་པོ་ཁུ་ལི་ཁོ་ཝ་ཡིས་འགོ་འཛུགས་མཛད་སྒོའི་ཐོག་ལོ་མང་རིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་བརྒྱུད། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་མྱུར་པོ་བྱུང་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་འོས་འགན་སློབ་གསོ་བྱ་ཤུགས་ཆེ་རུ་བཏང་བས་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་ཁར་གྲོང་མིའི་འཚོ་བའི་ཆུ་ཚད་དང་སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ཡོད་ཅེས་གསུངས་པ་རེད།
         ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཀུང་ཅ་ཅ་ཡིས། ཐོས་པ་བརྒྱ་ལས་མཐོང་བ་གཅིག་ཅེས་པ་ལྟར་ད་ཐེངས་ཀྱི་འགྲེམས་སྟོན་ལ་ཐུན་མོང་མ་ཡིན་པའི་ལག་རྩལ་སྤྱད་དེ“འཛམ་གླིང་ཡང་རྩེའི”ཁྱད་དུ་འཕགས་པའི་ཡིད་དབང་འགུགས་ཤུགས་མངོན་པར་བྱས་ནས་ཨུ་རུ་སུའི་ལྟད་མོ་བ་ཚོར་རང་ཉིད་དངོས་སུ་སླེབས་པ་ལྟར་གྱི་ཚོར་སྣང་ཡོང་བ་བྱས་ཡོད། “དེ་གར་ཡོད་པའི་ལྟད་མོ་བ་ཚང་མས་འབྱུང་འགྱུར་རང་ཉིད་ངོ་མས་བོད་ཀྱི་ལོག་དཀའ་བའི་མཛེས་ལྗོངས་ཉམས་སུ་མྱོང་བར་འགྲོ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པར་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།