འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་དྲ་རྒྱའི་བདེ་འཇགས་རིག་ཚན་གྱི་ཆེད་ལས་ཅན་གྱི་འཛུགས་སྐྱོང་ལ་ཤུགས་
    སྣོན་རྒྱག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། “2017ལོའི་དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་མཐོ་རིམ་གླེང་སྟེགས”ཧྲང་ཧའེ་རུ་འཚོགས་ཤིང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཝུའེ་ཡིས་ཚོགས་འདུའི་ཐོག་དྲ་རྒྱའི་བདེ་འཇགས་སློབ་གླིང་དང་། རིག་ཚན། ཆེད་ལས་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཐོ་སློབ་དང་། ཁེ་ལས། སྤྱི་ཚོགས་བཅས་ཀྱིས་དྲ་རྒྱའི་བདེ་འཇགས་སློབ་གསོ་གསོ་སྦྱོང་སོགས་བྱེད་ཐབས་སྣ་ཚོགས་ཐོག་ནས་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         མཐོ་རིམ་གླེང་སྟེགས་ཐོག་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་བཅུ་གྲངས་ཀྱིས“བདེ་འཇགས་དང་ནུས་ཆེའི་འབྱུང་འགྱུར་དྲ་སྦྲེལ”དང་། “དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་འདུ་ཤེས”“གསར་དར་ལག་རྩལ་དུས་བབ་འོག་གི་དྲ་རྒྱའི་བར་མཐོངས་བདེ་འཇགས་ཀྱི་འགྲན་སློང་གསར་པ”སོགས་ཀྱི་གྲོས་གཞིར་དམིགས་ཏེ་བགྲོ་གླེང་དང་སྤེལ་རེས་བྱས་པ་རེད།
         དབྱང་ཞའོ་ཝུའེ་ཡིས་ཚོགས་འདུའི་ཐོག་དྲ་རྒྱའི་ཆ་འཕྲིན་ལག་རྩལ་གྱི་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་སྐྱེད་སྲིང་བྱེད་བཞིན་ཡོད་པ་དང་ཚན་རྩལ་གསར་གཏོད་ཐད་འཕེལ་རྒྱས་ཀྱི་རྣམ་པ་དང་ཁྱད་ཆོས་གསར་པ་མངོན་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ལ་མཉམ་འདྲེས་དང་། སིམ་འཛུལ། སྐུལ་འདེད་བཅས་ཀྱི་ནུས་པ་ཐོན་ཤུགས་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དང་མི་རྣམས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་མ་ཟད། ད་དུང་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་དང་འགྲན་སློང་ཡང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། དྲ་རྒྱར་བརྟེན་ནས་འགོག་རྒོལ་དང་། དྲ་རྒྱར་བརྟེན་ནས་གསང་བ་འཇབ་ལེན། དྲ་རྒྱར་བརྟེན་ནས་ཁ་བསླུས་རྒྱག་པ། སྤྱི་དམངས་སྒེར་གྱི་ཆ་འཕྲིན་བཙན་གནོད་བྱེད་པ་སོགས་ཀྱི་སྣང་ཚུལ་ཡང་ཡང་ཐོན་ཏེ་དྲ་རྒྱའི་བདེ་འཇགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་མང་ཚོགས་ཀྱི་བདེ་རྩ་བཅས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་19དང་ཚེས་20ཉིན“འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་བདེ་འཇགས”དང་། “དྲ་དམངས་ཀྱི་དྲ་རྒྱའི་བྱང་ཚད་མཐོ་རུ་བཏང་སྟེ་གནོད་མེད་ཀྱི་དྲ་རྒྱའི་བར་མཐོངས་ཤིག་མཉམ་དུ་གཏོད” “དྲ་རྒྱའི་བདེ་འཇགས་གནས་ཚུལ་ཤེས་ཚོར”“དྲ་རྒྱ་དང་། ངལ་རྩོལ། བདེ་འཇགས་བཅས་སྒུལ་བདེའི་དྲ་སྦྲེལ་དུས་རབས་ཀྱི་འགྲན་སློང་དང་འགན་འཁྲི” “གྲངས་གཞི་ཆེན་པོའི་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ” “དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་ཚད་གཞི”སོགས་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་6གི་ཡན་ལག་གླེང་སྟེགས་གཉེར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།