འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ལོ་ཧྲིལ་པོའི་ནགས་བཟོའི་གཞི་ཁྱོན་མུའུ་ཁྲི་400ཡན་ཟིན་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། གསར་འགོད་པར་ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། མཚོ་སྔོན་གྱིས་2017ལོར་ནགས་བཟོ་མུའུ་ཁྲི་345བྱས་ཤིང་། ལོ་ཧྲིལ་པོར་མུའུ་ཁྲི་400ཡན་ཟིན་ནས་དེ་སྔའི་ལྡབ་2.5ཟིན་རེ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱི་དེ་སྔའི་ནགས་བཟོའི་གཞི་ཁྱོན་ཕལ་ཆེར་མུའུ་ཁྲི་160ཡས་མས་ཟིན་ཞིང་། འདི་ལོ་མཚོ་སྔོན་དུ་རྒྱལ་ཁབ་ས་ཆ་ལྗང་འགྱུར་བྱེད་མགྱོགས་སུ་གཏོང་བའི་བྱ་སྤྱོད་སྤེལ་ཚུན། མིག་སྔར་ནགས་བཟོ་མུའུ་ཁྲི་345ཙམ་བྱས་པར་ལེགས་སྒྲུབ་བྱེད་ཚད་86.3%ཟིན་པ་དང་། དེ་དག་ལས་ནགས་བཟོ་མུའུ་ཁྲི་97.32དང་། རི་བཀག་ནགས་གསོ་མུའུ་ཁྲི་207.97 ནགས་ཚལ་སྐྱེད་སྲིང་མུའུ་ཁྲི་39.66བཅས་བྱས་པ་དང་། ནགས་བཟོའི་འཕེལ་རིམ་དུས་མཚུངས་ལས་34.2%འཕར་ནས་ལོ་ཧྲིལ་པོར་མུའུ་ཁྲི་400ཡན་ཟིན་རེ་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས།“ཀྲུང་གོའི་ཆུ་གསོག་མཐོ་ལྕོག”ཅེས་འབོད། གཙང་གསུམ་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་གྱིས་ནགས་ལས་ཐོན་ཁུངས་དོ་དམ་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ལས་འགན་གལ་ཆེན་འཁུར་ཡོད།
         མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་ཏེང་ཨར་ཕིང་གིས། མཚོ་སྔོན་གྱི་རྒྱལ་ཁབ་ས་ཆ་ལྗང་འགྱུར་ཐད་ས་བབ་དང་བསྟུན་པ་མཐའ་འཁྱོངས་བྱས་ཐོག་ལག་བསྟར་ཚད་ལྡན་བྱས་ནས་སྣོད་བཅུད་སྲུང་ཡོལ་ཧུར་ཐག་སྐྲུན་གྱི་ཡོད་པ་སྟེ། ཟི་ལིང་དང་མཚོ་ཤར་སོགས་གྲོང་ཁྱེར་དང་གྲོང་རྡལ་ཁག་གིས་ཚད་གཞི་མཐོན་པོའི་ནགས་བཟོ་མཐའ་འཁྱོངས་བྱས་ཐོག་སྤྱིར་བཏང་གི་ནགས་བཟོ་ནས་སྐྱེད་ཚལ་རྣམ་པའི་ལྗང་འགྱུར་ལ་སྐུལ་འདེད་གཏོང་བ་དང་། གཙང་གསུམ་ཆུ་འགོ་ས་ཁུལ་དང་མདོ་ལ་སྣོད་བཅུད་སྲུང་སྐྱོང་ཁུལ་དུ་གཙོ་བོར་རི་བཀག་ནགས་གསོ་བྱེད་ཀྱི་ཡོད། ས་སེར་ས་མཐོར“ཆུ་དང་། ས། ལམ། སྡོང་བོ་བཅས་ལ་ལག་རྩལ་གྱི་དོ་དམ”ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཐོག་ནགས་བཟོ་གཙོ་བོར་འཛིན་གྱི་ཡོད། ཚྭ་འདམ་གཞོང་ས་དང་གུང་ཧོ་གཞོང་སར་འགོག་བཟོ་མཉམ་འཛིན་བྱས་ཐོག་བྱེ་ས་མགྱོགས་མྱུར་བཅོས་སྒྲིག་ལག་རྩལ་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་སྔོ་ཁེབས་མྱུར་དུ་བསྐྱར་གསོ་བྱེད་ཀྱི་ཡོད་ཅེས་བརྗོད།
         དེ་དང་ཆབས་ཅིག་མཚོ་སྔོན་གྱིས་བྱེ་འགོག་བྱེ་བཅོས་དང་ལྗང་མདོག་བགྲོད་ལམ་འཛུགས་སྐྲུན་སོགས་ཀྱི་ལས་གྲྭའི་རྣམ་གྲངས་སྤྱི་འདོམས་ལག་བསྟར་བྱེད་པའི་ཁྲོད་དུ་ནགས་བཟོ་དོ་དམ་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་བྱས་ཏེ་རྫོང་བཅོ་ལྔའི་གཞུང་ཁོངས་ནགས་རའི་སྤྱི་ཕན་ནགས་ཚལ་110ལ་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་སྟེ། ནགས་སྲུང་བ་ཁྲི་10ཙམ་ནམ་རྒྱུན་གྱི་ནགས་ཚལ་སྲུང་སྐྱོང་ལས་དོན་ལ་ཞུགས་སུ་བཅུག་པས། ཞིང་ཆེན་ཡོངས་ལ་ཁྱབ་པའི་ནགས་ཚལ་དང་སྤང་ལྗོངས་དོ་དམ་སྲུང་སྐྱོང་དྲ་བ་ཞིག་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།