མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་9ཚེས་18ཉིན་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་གྲོས་བསྡུར་བྱ་རྒྱུར་འབུལ་རྒྱུའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུ་རྒྱུའི་སྙན་སྒྲོན་གྱི་མ་ཟིན་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་(བཟོ་བཅོས་འཆར་ཟིན་)》མ་ཟིན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུ་རྒྱུའི་ལས་དོན་སྙན་སྒྲོན་གྱི་མ་ཟིན་བཅས་ལ་ཞིབ་འཇུག་བྱས་པ་དང་། 《ལོ་ལྔའི་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་མཐར་ཕྱིན་བསྟར་བ་དང་འབྲེལ་དེར་བརྟེན་ནས་ཏང་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་ཁྲིད་བྱས་པའི་སྐོར་གྱི་སྙན་ཞུར་》གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུ་རྒྱུའི་སྙན་སྒྲོན་གྱི་མ་ཟིན་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྙན་ཞུ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན་)》ཏང་ནང་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་ཞིག་ནང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྙན་ཞུ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུ་རྒྱུའི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྙན་ཞུ་བཅས་ཉན་ནས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་ལྟར་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་གསུམ་པོ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་བསྡུར་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
          ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ད་ཐེངས་བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ནང་ས་ཁུལ་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་མ་ཟིན་དང་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ལ་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་ཞིག་བཏོན་ཡོད་པས། ཕྱོགས་ཁག་གིས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་ཡག་པོ་བྱས་ནས་དམངས་གཙོ་དར་སྤེལ་གང་ལེགས་དང་ཕྱོགས་ཁག་གི་བློ་གྲོས་གཅིག་ཏུ་བསྡུས་་ཏེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་མཐུན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ། ཏང་དང་རྒྱལ་ཁབ་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་དང་འཚམ་པ་བཅས་ཀྱི་ཚོགས་ཆེན་གྱི་སྙན་སྒྲོན་མ་ཟིན་ཞིག་ཆགས་གང་ཐུབ་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་འཕེལ་རྒྱས་དང་འཚམ་པ་དང་དུས་བབ་གསར་པའི་འོག་གི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འདུ་འགོད་གསར་པར་མཁོ་བའི་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་བཟོ་དགོས།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་འཚོག་རྒྱུའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་སྐབས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལྕག་སྐུལ་དང་སྐུལ་སློང་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། དེང་སྐབས་འཛམ་གླིང་དང་དེང་རབས་ཀྲུང་གོའི་འཕེལ་ཕྱོགས་ལ་ཕྱོགས་ཡོངས་ནས་མཐོང་ཆེན་བྱས་ཏེ་རང་རྒྱལ་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། ཏང་གིས་མི་དམངས་ལ་འགོ་འཁྲིད་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དང་ཉམས་མྱོང་གསར་པ་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། ལོ་རྒྱུས་ཀྱི་འགོ་འཛུགས་ས་དང་དུས་རབས་ཀྱི་ཆ་རྐྱེན་གསར་པ་ནས་འགོ་འཛུགས་པ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་བར་དམིགས་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ། འཐབ་ཇུས་ཀྱི་སྤྱི་ཡོངས་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཆར་འགོད་དང་བཀོད་སྒྲིག་བྱེད་པ། དེ་བས་ལེགས་པའི་ངང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཡང་འབད་བསྐྱར་འབད་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་གཏོད་དགོས།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་སྒྲིག་ཡིག་ནི་ཏང་གི་སྤྱིའི་སྒྲིག་ཡིག་ཞིག་ཡིན་པས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ངོས་ནས་བརྗོད་ན་རྩ་བའི་རང་བཞིན་གྱི་ཚད་ལྡན་བཟོ་བ་དང་མཛུབ་ཁྲིད་ཀྱི་ནུས་པ་ལྡན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དུས་བབ་གསར་པ་དང་ལས་འགན་གསར་པ་གཞིར་བཟུང་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུ་ཡིན་པས། ཏང་ཡོངས་ཀྱིས་དེ་བས་ལེགས་པའི་ངང་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། བརྩི་སྲུང་། ལག་བསྟར། སྲུང་སྐྱོང་བཅས་བྱ་རྒྱུར་ཕན་པ་ཆེན་པོ་ཡོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་དེ་བས་ལེགས་པའི་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ཏང་གི་སྒྲིག་ཡིག་ནང་བཅུག་ནས་ཏང་གི་སྒྲིག་ཡིག་ཐོག་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་གང་ལེགས་མངོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་གང་ལེགས་མངོན་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཉམས་མྱོང་གསར་པ་གང་ལེགས་མངོན་པ་བཅས་བྱས་ཏེ་རང་རེའི་ཏང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཞུམ་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱས་ནས་སྔ་ཕྱི་བར་གསུམ་དུ་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ཞུ་རྒྱུའི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ནང་དངོས་ཐོག་བདེན་འཚོལ་ངང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་བའི་ལག་ལེན་འཚོལ་ཞིབ་དང་། ཕན་འབྲས་གལ་ཆེན། ལས་ཀའི་མྱོང་ཚོར་བཅས་མངོན་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་ནས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་འཛུགས་སྐྱོང་གི་བརྗིད་ཆེའི་འདུ་འགོད་གསར་པར་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། ཚོགས་འདུའི་ཐོག་2017ལོའི་ཟླ་10ཚེས་9ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་བརྒྱད་པ་འཚོག་རྒྱུར་མོས་མཐུན་བྱུང་བ་རེད།
          ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་བསམ་བློ་བརྟན་པོའི་ཐོག་ནས་ཏང་ནང་ཁུལ་དུ་གནས་པའི་གནད་དོན་དང་ཞན་ཆ་སྣ་ཚོགས་ལ་ཐད་ཀར་དམིགས་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གནད་ལ་འཕིགས་པོས་བཟོས་པ་དང་ལག་ལེན་བསྟར་ཏེ་དུས་བབ་གསར་པའི་འོག་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་རིང་གང་ཞིག་དམ་འཛིན་དང་དམ་འཛིན་ཇི་ལྟར་བྱེད་མིན་ཐད་ཀྱི་གནད་དོན་ཐག་གཅོད་བྱས་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་ཐུབ་པ་དང་ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་དར་སྲོལ་བཅས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཏང་ལ་དོ་དམ་དང་ཏང་སྐྱོང་བ་དང་ཏང་ནན་པོས་སྐྱོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་གྱུར་བས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་ཏང་གི་བློ་ཁ་གཏད་ཕྱོགས་ཆེ་རུ་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་པ་བརྒྱུད་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཀྱི་རང་རེའི་ཏང་གིས་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་ཏུ་ཕྱིན་ནས་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད། གནད་སྨིན་ཤུགས་འདོན་གྱིས་ཞིབ་ཕྲའི་བྱ་བ་ནས་དམ་འཛིན་བྱེད་པ་དང་། ཆུང་ས་ནས་ཆེ་ས་མཐོང་བ་དང་ཆུང་སས་ཆེ་སའི་སྣེ་ཁྲིད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་སྔར་བས་སྐུལ་འདེད་གཏོང་དགོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ནས་འགོ་འཛུགས་པ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་རིམ་ཁག་ཏང་རྩ་འཛུགས་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ་བྱ་སྤྱོད་དེ་ཉིད་བཀའ་རྒྱར་འཛིན་པ་དང་རང་དཔེ་གཞན་སྟོན་དེ་ཉིད་ལག་བསྟར་གྱི་མིག་དཔེར་བྱེད་དགོས། གནད་དོན་ལ་དམིགས་པ་དང་མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ལྷོད་གཡེང་མི་གཏོང་བ་དང་། རྒྱུན་མཐུད་ཤུགས་འདོན། གཞུང་དྲང་ཁྲིམས་འཛིན་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་བཅས་ཀྱི་སྤྱོད་ཚུལ་གཅིག་སྡུད་ཐོག་ཐག་གཅོད་བྱེད་དགོས། རྩ་ལག་མཉམ་བཅོས་ཀྱིས་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་། དབང་ཆ་དོ་དམ། གཞུང་ཞབས་པར་བཅོས་སྒྲིག་བཅས་བྱ་རྒྱུར་སྣང་ཆེན་བྱས་ཏེ་སྒྱུར་བཅོས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ཐོག་ནས་སྤྱོད་ཚུལ་ངན་པ་སེལ་བ་དང་སྒྲིག་སྲོལ་ལམ་སྲོལ་ཐད་ནས་ཞན་ཆ་སེལ་རྒྱུར་ཤུགས་སྣོན་རྒྱག་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ལས་དོན་ལ་ནམ་ཡང་ཚར་དུས་མེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྙིང་རུས་ལྷོད་མེད་དང་རྒྱུན་སྲིང་ལྷོད་མེད་བྱེད་པ། འགན་འཁྲིར་ཤུགས་སྣོན་དང་། ལྟ་སྐུལ་ལ་ཤུགས་སྣོན། ཞིབ་བཤེར་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བཅས་བརྒྱབ་ནས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་རྒྱུན་ཆད་མེད་པར་སྤེལ་ཏེ་ཏང་གི་སྤྱོད་ཚུལ་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་རྒྱུར་འབད་བརྩོན་གྱིས་ཏང་དང་མི་དམངས་མང་ཚོགས་དབར་སྔ་ཕྱི་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཡོང་ཐུབ་པའི་འགན་ལེན་བྱེད་དགོས།