འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྐྱོར་རོགས་རམ་མ་དངུལ་གཏོང་ཤུགས་ན་ནིང་ལས་ཆེས་ཆེར་འཕར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་7ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱིན་ཁྲོན་དུ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རམ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རམ་དང་ཁ་གཏད་རོགས་སྐྱོར་བྱེད་ཤུགས་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་བླང་བྱ་བཏོན་གནང་བ་རེད། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཚོགས་འདུ་འཚོགས་ནས་ལོ་གཅིག་སོང་རིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རམ་ཐད་འཕེལ་རིམ་ཆེན་པོ་བྱུང་ནས་གོང་འོག་མཉམ་འབྲེལ་དང་། ཤར་ནུབ་ལག་གདང་སྦྲེལ་བ། ཐུན་མོང་ཐོག་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། དེའི་ནང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རམ་མ་དངུལ་གཏོང་ཤུགས་ན་ནིང་ལས་ཆེས་ཆེར་འཕར་ནས་ཤར་རྒྱུད་ཀྱི་དཔལ་འབྱོར་དར་རྒྱས་ཅུང་ཆེ་བའི་རྫོང་(གྲོང་ཁྱེར་དང་ཆུས)267དང་ནུབ་རྒྱུད་ས་ཁུལ་གྱི་རྫོང་དབུལ་པོ་434དབར་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བྱ་སྤྱོད་སྤེལ་བ་རེད།
            ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རམ་གྱི་ཆ་སྒྲིག་འབྲེལ་བ་ལེགས་སྒྲིག་འོས་འཚམ་བྱས་ཏེ་གཙོ་གནད་ས་ཁུལ་གྱི་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ཅིང་། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རམ་བཞུགས་མོལ་ཚོགས་འདུ་འཚོགས་རྗེས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་ཏེ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རམ་གྱི་ཆ་སྒྲིག་འབྲེལ་བ་ལེགས་སྒྲིག་བྱས་པས་མི་རིགས་རང་སྐྱོང་ཀྲོའུ་30ཚང་མར་ཆ་སྒྲིག་རོགས་སྐྱོར་ཐུབ་པ་དང་། ཡུན་ནན་དང་། སི་ཁྲོན་། ཀན་སུའུ། མཚོ་སྔོན་སོགས་ནུབ་རྒྱུད་ཀྱི་ཤིན་ཏུ་དབུལ་པོའི་གྲོང་ཁྱེར་དང་ཀྲོའུ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། ལེའོ་ཉིང་དང་། ཧྲང་ཧའེ། ཐེན་ཅིན་བཅས་ཀྱི་རོགས་སྐྱོར་ལས་འགན་ལེགས་སྒྲིག་བྱས་པ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་ཁྲོད“ས་ཁུལ་དབུལ་པོའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི”ལས་འགན་དོན་འཁྱོལ་བྱས་པ་རེད།
            ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བྱ་སྤྱོད་ལག་བསྟར་བྱས་ཏེ་གཞི་རིམ་གྱི་གནད་སྨིན་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ། 2016ལོའི་དབུལ་སྐྱོར་ཉིན་མོའི་རིང་། ཤར་རྒྱུད་ཀྱི་དཔལ་འབྱོར་དར་རྒྱས་ཅུང་ཆེ་བའི་རྫོང་དང་གྲོང་ཁྱེར་ཆུས་བཅས་ཀྱིས་ནུབ་རྒྱུད་ཀྱི་རྫོང་དབུལ་པོ་དང་ཆ་སྒྲིག་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བྱ་སྤྱོད་སྤེལ་འགོ་ཚུགས་ཏེ་རྒྱལ་ཡོངས་སུ་ཤར་རྒྱུད་ཀྱི་དར་རྒྱས་ཅུང་ཆེ་བའི་རྫོང་(གྲོང་ཁྱེར་དང་ཆུས)267དང་ནུབ་རྒྱུད་ས་ཁུལ་གྱི་རྫོང་དབུལ་པོ་434དབར་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བྱ་སྤྱོད་སྤེལ་བ་རེད། བྱ་སྤྱོད་སྤེལ་འགོ་ཚུགས་ཚུན། ཤར་རྒྱུད་ཀྱི་རྫོང་དང་། གྲོང་ཁྱེར། ཆུས་བཅས་166དང་ནུབ་རྒྱུད་ཀྱི་རྫོང་དབུལ་པོ་313དབར་རོགས་སྐྱོར་སྒྲོམ་གཞིའི་གྲོས་མཐུན་བཞག་ཡོད། ཞིང་ཆེན་འགའ་ཞིག་གིས་ད་དུང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་དབར་གྱི་ཆ་སྒྲིག་རོགས་སྐྱོར་འཚོལ་ཞིབ་ཧུར་ཐག་བྱས་པ་དང་ཕུའུ་ཅན་དང་ཉིང་ཞ་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཕུའུ་ཅན་དང་ཉིང་ཞའི་དཔེ་སྟོན་གྲོང་ཚོ་100བསྐྲུན་རྒྱུའི་གྲོས་ཐག་བཅད་པ་རེད།
            ཐོན་ལས་མཉམ་ལས་དེ་བས་ཟབ་ཏུ་བཏང་བ། 2016ལོ་ཚུན་ཤར་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁེ་ལས་2500ལྷག་ཙམ་ནུབ་རྒྱུད་ས་ཁུལ་དུ་མ་འཇོག་བྱེད་པར་ཁྲིད་སྟོན་བྱས་ཏེ་དངོས་སུ་མ་དངུལ་སྒོར་དུང་ཕྱུར་1097བཏང་བ་དང་དབུལ་སྐྱོར་རྣམ་གྲངས་1622ལག་བསྟར་བྱས་ཏེ་མི་འབོར་དབུལ་པོ་ཁྲི་69ལ་འབབ་འཕར་ཡོང་བ་དང་དབུལ་པོ་ལས་སྒྲོལ་རོགས་བྱས་པ་རེད།
           ཤེས་ལྡན་མི་སྣའི་རོགས་སྐྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། མིག་སྔའི་བར། ཤར་རྒྱུད་ས་ཁུལ་གྱིས་ཁྱོན་ཕུལ་བྱུང་ལས་བྱེད་པ་524ནུབ་རྒྱུད་ས་ཁུལ་དུ་གནས་སྦྱར་སྦྱོང་བརྡར་བྱེད་པར་བཏང་བ་དེ་2016ལོ་ལས་154%འཕར་ཡོད། ནུབ་རྒྱུད་ཀྱིས་ཁྱོན་ལས་བྱེད་པ་471ཤར་རྒྱུད་དུ་སྤེལ་རེས་དང་སློབ་སྦྱོང་བྱེད་པར་བཏང་བ་དེ་2016ལོ་ལས་56%འཕར་ཡོད། ནུབ་རྒྱུད་དུ་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྫོང་དབུལ་པོ་434ཡི་ཁྲོད་རྫོང་53.2%རུ་གནས་སྦྱར་སྦྱོང་བརྡར་བྱེད་མཁན་ལས་བྱེད་པ་འདེམས་གཏོང་བྱས་པ་རེད།
           མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། ཤར་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ནོར་སྲིད་མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་སྤྱིར་ན་ཆེ་རུ་བཏང་བ་དང་འབྲེལ་འབབ་འཕར་ལམ་སྲོལ་བཙུགས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོར་ཤར་རྒྱུད་ཞིང་ཆེན་གྱིས་ནུབ་རྒྱུད་ཀྱི་ས་ཁུལ་དབུལ་པོར་ནོར་སྲིད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་29.3བཏང་བ་དེ་ལོ་གོང་མ་ལས་102%འཕར་བ་དང་ཤར་རྒྱུད་དབུལ་སྐྱོར་རོགས་རམ་མ་དངུལ་གཏོང་ཤུགས་ལོ་གོང་མ་ལས་ཆེས་ཆེར་འཕར་ཡོད། འདི་ལོ་འཆར་གཞི་བྱས་ན་མ་དངུལ་སྒོར་དུང་ཕྱུར་49གཏོང་རྩིས་ཡོད་པ་རེད།
           སྤྱི་ཚོགས་ཀྱི་སྐུལ་སློང་རིམ་གྱིས་རྒྱ་ཆེར་ཕྱིན་པ། རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་དང་དབུལ་སྐྱོར་གཞུང་དོན་ཁང་གིས་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”བྱ་སྤྱོད་སྤེལ་བ་དང་འབྲེལ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རམ་བཞུགས་མོལ་ཚོགས་འདུ་ཁག་དབྱེ་ནས་འཚོགས་ཏེ་ནུས་པ་ལྡན་པ་དང་། ཆ་རྐྱེན་འཛོམས་པ། བྱེད་འདོད་ཡོད་པ་བཅས་ཀྱི་ཁེ་ལས་དང་ཚོང་ཚོགས་ནུབ་རྒྱུད་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་རྒྱུ་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ཡོད། གཞན་ཡང་2016ལོར་ཤར་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་སྒོར་དུང་ཕྱུར་3.3གྱི་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པ་དེ་ལོ་གོང་མ་ལས་ལྡབ་3.4འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།