འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གསུམ་རིང་རང་རྒྱལ་དུ་ཁེ་ལས་འཕར་ཚད་70%ཡི་ནང་རྒྱུན་འཁྱོངས་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ཟླ་9ཚེས་2ཉིན་གཉེར་བའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་མཐོ་རིམ་གླེང་སྟེགས་ཐོག་ངོ་སྤྲོད་བྱས་པར། ལོ་གསུམ་རིང་རང་རྒྱལ་དུ་ཆ་སྙོམས་ཉིན་རེར་ཁྲོམ་རའི་བྱེད་པོ་གསར་དུ་འཕར་ཚད་ཁྲི་4ལས་བརྒལ་བའི་ཁྲོད་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་1.4ཙམ་ཟིན་ནས་ཁེ་ལས་འཕར་ཚད་70%ཡི་ནང་རྒྱུན་འཁྱོངས་ཐུབ་ཀྱི་ཡོད།
            ངོ་སྤྲོད་བྱས་པར་གཞིགས་ན། ཚོང་དོན་ལམ་ལུགས་སྒྱུར་བཅོས་ཀྱིས་ཐོ་འགོད་མ་རྩའི་དངུལ་སྨར་ཐོ་འཇལ་ལམ་ལུགས་འདི་ཁས་ལེན་འབུལ་བའི་ཐོ་འགོད་ལམ་ལུགས་ལ་སྒྱུར་བཅོས་བྱས་པ་བརྒྱུད་མ་དངུལ་གྱི་ཚད་གཞི་ཆེས་ཆེར་དམའ་རུ་ཕྱིན་ནས་མི་སེར་གྱིས་མ་འཇོག་ལས་གཏོད་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། དེ་དང་ཆབས་ཅིག་ས་གནས་ཁག་གིས་སྡོད་གནས་ཐོ་འགོད་ཆ་རྐྱེན་རིམ་བཞིན་དམའ་རུ་བཏང་སྟེ་སྡོད་གནས་ཐོན་ཁུངས་འབེལ་དུ་བཏང་བ་དང“ས་ཆ་གཅིག་ལ་གཉེར་སྐྱོང་ལག་ཁྱེར་མང་བ”དང“གཉེར་སྐྱོང་ལག་ཁྱེར་གཅིག་ལ་ས་ཆ་མང་བ”“ཚོང་དོན་དྲུང་ཡིག”སོགས་སྒྱུར་བཅོས་གསར་གཏོད་སྣ་མང་བྱས་པ་བརྒྱུད་ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་འཕེལ་ཕྱོགས་དང་འཚམ་ལ་ལས་གཏོད་ཀྱི་མ་གནས་ཀྱང་དམའ་རུ་ཆེས་ཆེར་ཕྱིན་ཡོད། སྲོལ་རྒྱུན་གྱི་བཟོ་ཁང་དང་རླངས་འཁོར་འཇོག་གནས་སོགས་ལས་གཏོད་གསར་གཏོད་ཀྱི་བར་མཐོངས་སུ་གྱུར་ནས་དམངས་ཁྲོད་ལས་གཏོད་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཡོད།
            འདི་ལོའི་ཟླ་བདུན་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མིང་ཐོའི་ནང་འཁོད་པའི་ཁེ་ལས་ཆུང་གྲས་ཁྲི་7328.1ཟིན་པའི་ཁྲོད་ཁེ་ལས་ཁྲི་2327.8ཡོད་པ་དེས་ཁེ་ལས་བསྡོམས་འབོར་གྱི་82.5%བཟུང་བ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲི་5000.3ཟིན་པ་དེས་སྒེར་གཉེར་བཟོ་ཚོང་དུད་ཚང་བསྡོམས་འབོར་གྱི་80.9%བཟུང་ཡོད་པ་རེད།
            མིག་སྔར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་རང་རྒྱལ་གྱི་ཁྲོམ་རའི་བྱེད་པོའི་གཙོ་ཤུགས་དམག་ཏུ་གྱུར་བ་དང་ལས་ཞུགས་རྒྱ་ཆེར་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་འཐེན་བཤེར་བྱས་པ་བརྒྱུད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་རེ་རེས་མི་8ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་པ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་རེས་མི་2.8ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་ཀྱི་ཡོད་པ་རེད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་ལས་ཞུགས་ཐག་གཅོད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད། ལྷག་པར་དུ་གསར་གཏོད་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་མང་པོ་ཐོན་པ་དེ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཤུགས་ཀྱི་འབྱུང་རྩར་གྱུར་ཏེ་རྒྱུན་རྣམ་གསར་པའི་འོག་གི་གྲུབ་ཆ་བརྗེ་སྒྱུར་ལ་འགུལ་ནུས་གསར་པ་མཁོ་འདོན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།