འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

     ༄༅།།དམངས་ཁྲོད་ཀྱི་ལྷ་མོའི་ཟློས་གར་རུ་ཁག་བཅུ་ཡིས་ཞོ་སྟོན་དུས་ཆེན་རིང་ལ་རེས་མོས་
    ཀྱིས་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 16:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ནས་ཤེས་རྟོགས་བྱུང་གསལ། ད་ལོའི་བོད་ལྗོངས་ཡོངས་ཀྱི་ལྷ་མོའི་ཟློས་གར་འཁྲབ་སྟོན་སྐབས་དྲུག་པར་ཞུགས་པའི་ལྷ་མོའི་ཟློས་གར་རུ་ཁག་10ཡི་མིང་ཐོ་དང་འཁྲབ་སྟོན་དུས་ཚོད། དེ་བཞིན་འཁྲབ་སྟོན་འཁྲབ་གཞུང་བཅས་ཚང་མ་གཏན་འཁེལ་བྱས་ཚར་ཡོད་པ་དང་། ཞོ་སྟོན་གྱི་རིང་ལ་ལྷ་ས་དང་གཞིས་ཀ་རྩེ། ལྷོ་ཁ་བཅས་ནས་ཡོང་བའི་དམངས་ཁྲོད་ལྷ་མོའི་ཟློས་གར་རུ་ཁག་10ཡི་དམངས་ཁྲོད་ལྷ་མོའི་ཟློས་གར་སྒྱུ་རྩལ་པ་300ལྷག་འཁྲབ་སྟོན་དུ་ཞུགས་རྒྱུ་རེད། སྐབས་འདིའི་ཞོ་སྟོན་རིང་ལ་ལྷ་མོའི་ཟློས་གར་རུ་ཁག་ཚང་མས་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ་འཁྲབ་སྟོན་བྱ་རྒྱུ་རེད།
          ཚང་མས་ཤེས་གསལ་ལྟར། ཞོ་སྟོན་སྐབས་སུ་ཞོ་རོལ་བ་ཕུད། མི་རྣམས་ད་དུང་ལྷ་མོའི་ཟློས་གར་བལྟ་རྒྱུར་དགའ་པོ་ཡོད་པ་རེད། དཔྱད་གཞི་ཡིག་རིགས་སུ་འཁོད་པ་ལྟར་ན། སྔོན་མར་ལྷ་མོ་ཟློས་གར་འཁྲབ་སྟོན་ལ་ཞུགས་པའི་རུ་ཁག་12ཡོད་པ་དང་། ཁོང་ཚོ་ནི་ས་ཁུལ་མི་འདྲ་བ་ནས་ཡོང་བ་ཡིན་ཞིང་། ཚང་མ་ཉམས་འགྱུར་དང་ཁྱད་ཆོས་མི་འདྲ་བ་ལྡན་པའི་ལྷ་མོའི་ཟློས་གར་རུ་ཁག་དང་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་རེད། ལྷ་མོའི་ཟློས་གར་ལ་འབག་སྔོན་པོ་དང་འབག་དཀར་པོ་གཉིས་སུ་ཕྱེ་ཡོད་ཅིང་། འབག་སྔོན་པོར་ཡང་ཤོག་ཁག་4བགོས་ཡོད་པ་སྟེ། ལྷ་སའི་སྐྱོར་མོ་ལུང་གི་ལྷ་མོ་དང་།  གཞིས་ཀ་རྩེ་རིན་སྤུངས་རྫོང་གི་རྒྱང་མཁར་ལྷ་མོ།  ངམ་རིང་རྫོང་གི་ཁྱུང་པ་ལྷ་མོ། རྣམ་གླིང་རྫོང་གི་ཤམ་པ་ལྷ་མོབཅས་འདུས་ཡོད། འབག་དཀར་པོའི་ལྷོ་མོའི་ཟློས་གར་ཚོགས་པ་འབྲིང་རིམ་6ལ་བཀྲ་ཤིས་ཞོལ་པ་དང་། སྙེ་མོའི་དར་རོང་ལྷ་མོ་སོགས་འདུས་པ་རེད། 
         གསར་འགོད་པས་ཤེས་རྟོགས་བྱུང་གསལ། ད་ལོ་ལྷ་མོ་ཟློས་གར་འཁྲབ་སྟོན་བྱེད་འགོ་ཚུགས་པའི་ལྷ་མོའི་ཟློས་གར་ནི་སྙེ་མོའི་དར་རོང་ལྷ་མོ་སྟེ་འབག་དཀར་པོའི་ལྷ་མོའི་ཟློས་གར་རུ་ཁག་གིས་འཁྲབ་སྟོན་བྱ་རྒྱུའི་འཁྲབ་གཞུང་མིང་ལ་《མཁའ་འགྲོ་ཞོལ་པ་》ཞེས་པ་དེ་ཡིན་ཞིང་། སྙེ་མོའི་དར་རོང་ལྷ་མོ་སྟེ་འབག་དཀར་པོའི་ལྷ་མོའི་ཟློས་གར་རུ་ཁག་ནི་དུས་རབས་གོང་མའི་ལོ་རབས་50པའི་དུས་དཀྱིལ་དུ་འབག་སྔོན་པོར་བསྒྱུར་ནས་འཁྲབ་སྟོན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཞོ་སྟོན་སྐབས་སུ་སྔར་བཞིན་འབག་དཀར་པོ་གོན་ནས་ལྷ་མོ་འཁྲབ་སྟོན་བྱ་རྒྱུ་ཡིན་པས། འདི་ལས་འབག་དཀར་པོ་དང་སྔོན་པོ་གཉིས་ཀའི་ཐོག་ནས་ལྷ་མོ་འཁྲབ་སྟོན་བྱེད་སྲོལ་གྱུར་ཡོད་ཅིང་། ཁོང་ཚོའི་འཁྲབ་སྟོན་འཁྲབ་གཞུང་གི་མིང་ལ་《དྲི་མེད་ཀུན་ལྡན་》 《སྣང་ས་འོད་འབུམ》 《འགྲོ་བ་བཟང་མོ》 《གཟུགས་ཀྱི་ཉི་མ་》སོགས་ཡོད་པ་རེད།
         ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་ལས་བྱེད་མི་སྣ་བློ་བཟང་གིས"ན་ནིང་ལོར་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱིས་སྙེ་མོ་དར་རོང་ལྷ་མོའི་རྒྱུན་འཛིན་པ་དངོས་གྲུབ་བྱམས་པའི་མྱུར་སྐྱོབ་རང་བཞིན་གྱི་ཟིན་འགོད་ལས་དོན་ལེགས་འགྲུབ་བྱས་ཏེ། རྗེས་རབས་པ་རྣམས་ཀྱིས་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་དང་ཞིབ་འཇུག་བྱ་རྒྱུར་རིན་ཐང་བྲལ་བའི་དཔྱད་གཞི་ཡིག་རིགས་བཞག་ཡོད་པ་རེད། ལྷ་མོའི་ཟློས་གར་འཁྲབ་སྟོན་གཉེར་བ་དེ་ནི་ཞོ་སྟོན་གྱི་རིག་གནས་བྱེད་སྒོའི་ནང་དོན་དང་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་རིག་གནས་ཀྱི་དགོས་འདུན་སྐོང་ཐུབ་པ་དང། ལྷ་མོའི་ཟློས་གར་གྱི་སྒྱུ་རྩལ་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད"ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་ལྷ་མོའི་ཟློས་གར་འཁྲབ་སྟོན་སྐབས་དྲུག་པ་ནི་འཁྲབ་སྟོན་ཁྱོན་ཉིན་7བྱ་རྒྱུ་ཡིན་པ་དང་། དུས་ཚོད་ནི་ཟླ་8ཚེས་21ཉིན་ནས་ཚེས་27ཉིན་བར་ཡིན་པ་དང་། ཉིན་རེའི་ཆུ་ཚོད་11:00ནས་ཆུ་ཚོད་17:00བར་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ་སྲོལ་རྒྱུན་གྱི་ལྷ་མོའི་ཟློས་གར་ཆེན་མོ་8གཙོ་བོར་བྱས་ནས་རེས་མོས་ངང་འཁྲབ་སྟོན་བྱས་ནས་རྒྱ་ཆེ་བའི་གྲོང་མི་རྣམས་ལ་ཕུན་སུམ་ཚོགས་པའི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་འབུལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།