འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་འདིའི་ནང་གནས་སྡོད་ལག་ཁྱེར་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། ལོ་འདིའི་ནང་གནས་སྡོད་ལག་ཁྱེར་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་ཞིང་། མིག་སྔར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་29ཡིས་གནས་སྡོད་ལག་ཁྱེར་ལམ་ལུགས་ཀྱི་ལག་བསྟར་བྱ་ཐབས་བཏོན་ནས་རྒྱལ་ཡོངས་སུ་གནས་སྡོད་ལག་ཁྱེར་ཁྱོན་བསྡོམས་ཁྲི་4357སྤྲད་དེ་གནས་སྡོད་ལོ་ཚད་སོགས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱེད་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་མ་ལག་ཅིག་གཞི་རྩའི་ཆ་ནས་བཙུགས་ཡོད།
         ཉིན་ཤས་གོང་སྤྱི་བདེ་པུས་རྒྱལ་ཡོངས་བདེ་འཇགས་ཁོངས་གཏོགས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། སྤྱི་བདེ་པུའི་པུའུ་ཀྲང་གཞོན་པ་ཧོང་མིང་གིས་ཚོགས་འདུའི་ཐོག་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཐེམ་ཐོ་གནས་སྤོའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། གནས་སྡོད་ལག་ཁྱེར་ལམ་ལུགས་གང་མགྱོགས་ངང་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ། ཐེམ་ཐོ་མེད་པའི་མི་སྣ་གཞིས་ཆགས་ཀྱི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱེད་པ། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་བདག་སྤྲོད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། ཚེ་ལས་འདས་ཀྱང་བསུབ་མེད་པའི་ཐེམ་ཐོ་ཁྱོན་ཡོངས་ནས་ཞིབ་བཤེར་གཙང་སུབ་ལས་དོན་སོགས་གཙོ་གནད་ལས་དོན་ཁག་ལྔར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
         སྤྱི་བདེ་པུའི་བཀོད་སྒྲིག་གཞིར་བཟུང་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་སྲིད་ཇུས་བླང་བྱར་ཞིབ་བསྡུར་ནན་ཏན་བྱས་ཏེ་ལག་བསྟར་བྱེད་བཞིན་པའི་གཞིས་ཆགས་སྲིད་ཇུས་ཁྱོན་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། ཐེམ་ཐོ་གནས་སྤོའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུར་དམ་འཛིན་བྱེད་པ། གཙོ་གནད་ཚོགས་སྤྱི་གཞིས་ཆགས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། ཕྱོགས་མི་གཞིས་ཆགས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཐེམ་ཁུངས་ལམ་ལུགས་སྒྱུར་བཅོས་དཔྱད་དཔོག་བཅས་བྱས་ནས་གཞིས་ཆགས་གོ་རིམ་སྔར་བས་སྟབས་བདེ་རུ་གཏོང་བ་དང་སྟབས་བདེ་ཁ་གསལ་དང་བཀོལ་སྤྱོད་བྱེད་བདེ་བའི་ཞིབ་ཕྲའི་སྲིད་ཇུས་དང་བྱ་ཐབས་གང་མགྱོགས་ཞིབ་བཟོ་བྱེད་དགོས། ས་གནས་ཁག་གིས་གནས་སྡོད་ལག་ཁྱེར་ལམ་ལུགས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཏན་ཏིག་དང་ཡག་པོ་བྱས་ཏེ་ལོ་འདིའི་ནང་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱེད་དགོས་པ་མ་ཟད། ད་དུང་གྲོང་ཁྱེར་ཆེ་འབྲིང་དང་། རྫོང(གྲོང་ཁྱེར)ལའང་ཁྱབ་པ་བྱེད་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།