འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་ཐེམ་ཐོའི་ལམ་ལུགས་ཀྱི་ལས་འགན་གཙོ་བོ་ལྔ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་
    ནུས་ལྡན་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན་སྤྱི་བདེ་པུས་རྒྱལ་ཡོངས་བདེ་འཇགས་ཁོངས་གཏོགས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་ཏེ་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ལ་ཐེམ་ཐོ་སྒྱུར་བའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གནས་སྡོད་ལག་ཁྱེར་གང་མགྱོགས་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ། ཐེམ་ཐོ་མེད་པའི་མི་ཐེམ་ཁུངས་སུ་འཇུག་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པ། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་ནས་ཀྱང་གཉེར་བའི་ལས་དོན་དང་དེ་བཞིན་འདས་གྲོངས་ཟིན་པའི་མི་ཐེམ་ཁུངས་ནས་བསུབ་མེད་རིགས་གཙང་བཤེར་དང་བསུབ་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་ལས་འགན་གཙོ་བོ་ལྔ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་བློ་ཡིད་ཚིམས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།
         ཚོགས་འདུའི་ཐོག་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ལ་ལག་བསྟར་བྱེད་མུས་ཡིན་པའི་ཐེམ་ཁུངས་སུ་འཇུག་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། ཐེམ་ཐོ་སྒྱུར་བའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། ཚོགས་སྤྱི་གཙོ་བོ་ཐེམ་ཁུངས་སུ་འཇུག་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། ཕྱོགས་མི་ཐེམ་ཁུངས་སུ་འཇུག་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་སྐོར་ལས་དོན་སྤེལ་བ། ཐེམ་ཁུངས་སུ་འཇུག་པའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་གཏོང་བ་བཅས་བྱས་ཏེ་སྟབས་བདེ་ལ་ཁ་གསལ་བ་དང་བཀོལ་སྤྱོད་བདེ་བའི་ཞིབ་ཕྲའི་སྲིད་ཇུས་བྱ་ཐབས་མགྱོགས་མྱུར་བཟོ་དགོས་ཞེས་བླང་བྱ་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་29ཡིས་གནས་སྡོད་ལག་ཁྱེར་ལམ་ལུགས་ལག་བསྟར་བྱ་ཐབས་བཏོན་ཟིན་ནས་རྒྱལ་ཡོངས་སུ་གནས་སྡོད་ལག་ཁྱེར་ཁྱོན་ཁྲི་4357སྤྲད་པ་དང་། གནས་སྡོད་ཀྱི་ལོ་ཚད་སོགས་ཆ་རྐྱེན་དང་ཟུང་དུ་འབྲེལ་བའི་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་པའི་སྒྲིག་སྲོལ་སྤྱིར་ན་བཙུགས་ཟིན་པ་རེད། ཚོགས་འདུའི་ཐོག་ས་གནས་ཁག་ལ་གནས་སྡོད་ལག་ཁྱེར་ལམ་ལུགས་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་ཡག་པོ་བྱས་ནས་ལོ་འདིའི་ནང་ཁྱོན་ཡོངས་ལ་ཁྱབ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་གྲོང་ཁྱེར་ཆེ་འབྲིང་དུ་ཁྱབ་ཐུབ་པ་བྱེད་དགོས་པ་མ་ཟད་། ད་དུང་རྫོང་(གྲོང་ཁྱེར་)དུའང་ཁྱབ་ཐུབ་པ་བྱེད་དགོས་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྟབས་བདེ་ཁྱོན་ཡོངས་ལ་ཁྱབ་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ནས་ཁས་བླངས་པ་དོན་ཐོག་ཏུ་འཁྱོལ་བ་དང་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         འདི་ལོའི་ཟླ་7ཚེས་1ཉིན་རྒྱལ་ཡོངས་ཀྱི་རྫོང་(གྲོང་ཁྱེར་)ཡོངས་སུ་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་ནས་ཀྱང་གཉེར་བའི་ལས་དོན་སྤེལ་འགོ་བཙུགས་ཡོད། ཚོགས་འདུའི་ཐོག་ས་གནས་ཁག་ལ་འབྲེལ་ཡོད་ལས་དོན་ཏན་ཏིག་ཡག་པོ་བསྒྲུབས་ཏེ་ཞབས་ཞུའི་སྤུས་ཚད་དང་ལག་ཁྱེར་གཉེར་བའི་ལས་ཕྱོད་སྔར་བས་མཐོ་རུ་བཏང་ནས་དངོས་ཐོག་བདེན་འཚོལ་གྱིས་ཐོབ་ཐང་ལག་ཁྱེར་གཉེར་སའི་ས་ཚིགས་འཛུགས་པ་དང་ལས་ཀའི་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ་ལས་དོན་ཁག་ཞིབ་ཚགས་པོ་དང་དོན་དངོས་དང་མཐུན་པ་བྱས་ནས་མང་ཚོགས་རྣམས་ལག་ཁྱེར་གཉེར་ཆེད་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
         ཚོགས་འདུའི་ཐོག་ད་དུང་འདི་ལོ་ནི་ཐེམ་ཐོ་མེད་པའི་མི་ཐེམ་ཁུངས་སུ་འཇུག་པའི་གནད་དོན་ཐག་གཅོད་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཡིན་པས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ལས་དོན་སྒྲུབ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ལོ་མཇུག་གོང་གནད་དོན་འདི་ཐག་གཅོད་ཐུབ་པ་བྱེད་དགོས་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།