འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱད་ལྡན་ཐོན་ཁུངས་ལ་དམིགས་ཏེ་བོད་ཀྱིས་ས་གནས་ཁག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་
    ཤུགས་ཆེན་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷོ་སྣེ་དང་བྱང་སྣེ་ཕུད་པའི“འཛམ་གླིང་ཡང་རྩེ”ཞེས་འབོད་པའི་བོད་ལ་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལྡན་ཡོད།
         ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ལྡན་གསར་སྤེལ་བྱས་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ།
         བོད་ནི་ས་རྒྱ་ཡངས་བས་དེ་གར་འཛམ་གླིང་ཐོག་གི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་རྩེར་སོན་ཡོད་པས་རྒྱལ་སྤྱི་དང་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་རའི་ཁྲོད་དམིགས་བསལ་གྱི་གནས་བབ་བཟུང་ཡོད་པ་མ་ཟད། དེ་གའི་ཐོན་ཁུངས་ལ་ཁྱད་འཕགས་རང་བཞིན་དང་། འབའ་ཞིག་རང་བཞིན། ཚབ་བྱེད་ཐབས་བྲལ་བའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། དེའི་རང་བྱུང་སྣོད་བཅུད་དང་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ་ལས་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་བཏོད་དེ་ས་མཐོ་དང་། རི་མཐོ། གངས་རི། འཁྱགས་རོམ། ནགས་ཚལ། ན་ཁ། མཚེའུ། ཆུ་ཚན། ས་འོག་ཚ་ནུས་སོགས་ཁྱད་དུ་འཕགས་པའི་རང་བྱུང་གི་ངོ་མཚར་མཛེས་ལྗོངས་གྲུབ་ཡོད། བརྗིད་ཆགས་ཡིད་དུ་འོང་བའི་དགོན་སྡེ་དང་གནའ་བོའི་བཟོ་བཀོད་མང་དག་དང་དེ་བཞིན་ཆོས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཁར་བོད་རིགས་ཀྱི་དམངས་སྲོལ་ཡུལ་སྲོལ་དག་ལས་ངོ་མཚར་རྨད་དུ་བྱུང་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་ལྗོངས་ཉམས་དགའ་ཞིང་ལྟ་ན་སྡུག་པ་ཞིག་གྲུབ་ཡོད།
         ལྷ་ས་ལྟེ་བར་བྱེད་པའི་ཕོ་བྲང་པོ་ཏ་ལ་དང་། ཡངས་པ་ཅན། འདམ་གཞུང་། རྒྱལ་རྩེ་སོགས་མཛེས་ལྗོངས་ཁུལ་ལས་ཐུན་མོང་ཐོག་གྲུབ་པའི་ལྷ་སའི་ཡུལ་སྐོར་ཁུལ་དང་། མངའ་རིས་ས་ཁུལ་དུ་གནས་རི་གངས་དཀར་ཏི་སི་དང་། གནས་མཚོ་མ་ཕམ་གཡུ་མཚོ། ལག་ལྔ་མཚོ། མཐོ་ལྡིངས་དགོན། འཁོར་ཆགས་དགོན། རུ་ཐོག་གི་བྲག་བརྐོས་རི་མོ། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ། རྩ་མདའི་བྲུ་རོང་། མཚོ་མོ་ངང་ལྷ་རིང་མོ་བྱ་གླིང་བཅས་ཡོད་པ། ཆོས་ལུགས་ཡུལ་སྐོར་ཁྱད་ཆོས་སུ་བྱེད་པའི་བོད་ནུབ་རྒྱུད་ཀྱི་ཡུལ་སྐོར་ཁུལ་དུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། བཀྲ་ཤིས་ལྷུན་པོ། དགའ་ལྡན་དགོན། སེ་ར་དགོན། འབྲས་སྤུངས་དགོན་སོགས་དགོན་སྡེ་མང་པོ་ཡོད་པ། རི་འཛེགས་ཡུལ་སྐོར་གཙོ་བོ་ཡིན་པའི་བོད་ལྷོ་ནུབ་ཀྱི་ཡུལ་སྐོར་ཁུལ་དུ་གནས་རི་གངས་དཀར་ཏི་སི་དང་། ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ། གནམ་ལྕགས་འབར་བ། བོན་རི། གདང་ལ། ཡར་འབྲོག་གཡུ་མཚོ་བཅས་ཡོད་པ། ཉིང་ཁྲི་ལྟེ་བར་བྱེད་པའི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་ཀྱི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་བོད་ལྷོ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་དུ་སླེབས་རི་གནའ་བོའི་བང་སོ་དང་། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ། ཉིང་ཁྲིའི་ཤུག་སྡོང་ཆེན་པོ། ཡིད་འོང་ཇ་བཟོ་གྲྭ གནས་རི་གསེར་སྐྱེམས་ལ། ཡར་ཀླུང་གཙང་པོའི་མཛེས་ལྗོངས་ཁུལ་སོགས་ཡོད་པ་རེད། “མདོར་བསྡུས་ནས་བརྗོད་ན། བོད་ཀྱི་ཡུལ་སྐོར་གྱི་ལེགས་ཆ་གཙོ་བོ་ནི། ས་མཐོ་བ་དང་། ངོ་མཚར་ཆེ་བ། ལྐོག་འགྱུར་ཆེ་བ། དམིགས་བསལ་ཆེ་བ་བཅས་ཕྱོགས་བཞིའི་ཐད་མངོན་གསལ་དོད་པོ་ཡོད”བོད་ལ་འཛམ་གླིང་ཡུལ་གྲུ་ཁག་གི་སྐྱེ་བོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཤུགས་ཆེན་པོ་ལྡན་ཡོད་ཅེས་བརྗོད་ན་ཆོག
         དྲ་ཐོག་དང་དྲ་ཕྱིར་ཐུན་མོང་ཐོག་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ།
         བོད་ས་གནས་ཀྱིས་ཀྱང་ཡུལ་སྐོར་གྱི་དགོས་མཁོ་དེ་རིགས་གང་ལེགས་སྐོང་ཆེད་བོད་ལྗོངས་འགྲེམས་ཚོགས་དང་། ཡུལ་སྐོར་གྱི་འོས་སྦྱོར་འདུ་ཚོགས། དྲིལ་བསྒྲགས་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། རང་ངོས་ཀྱི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པས་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཡུལ་སྐོར་ཐོན་ལས་གྲུབ་པ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་མ་ཐེབས་པ། ས་གནས་ཀྱི་ཡུལ་མིའི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་ཐུབ་པ་བཅས་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ལོ་ལྟར་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་རྣམ་པ་ཕུན་སུམ་ཚོགས་པའི་བོད་ཀྱི་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་རྒྱལ་ཡོངས་ས་གནས་ཁག་ཏུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་བོད་ཀྱི་ཡུལ་སྐོར་སྐད་གྲགས་ཆོད་ཚད་ཆེ་རུ་ཟམ་མི་ཆད་པར་ཕྱིན་ནས་བོད་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་གང་ལེགས་མངོན་ཡོད།
         2014ལོར་སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་ཚུན་བོད་ཀྱིས་བོད་ལྗོངས་འགྲེམས་ཚོགས་ཀྱི་སྤུས་རྟགས་ཚད་བརྒལ་བྱེད་སར་བྱས་ནས་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། 2016ལོར་སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་ནན་པོ་བྱེད་པ་དང་། “ཡུལ་སྐོར་ཆེན་པོ་དང་། ཐོན་ལས་ཆེན་པོ། འཕེལ་རྒྱས་ཆེན་པོ”བཅས་ལ་དམིགས་པ། “རྩེར་སོན་དང་། ཁྱད་ལྡན། རྩེ་གྲ”བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པའི་ཐོག་ནས་བོད་ཀྱི་ཡུལ་སྐོར་རིམ་སྤོར་པར་གཞི་ནུས་ཤུགས་ཡོད་རྒུས་བཏོད་ཡོད། 2017ལོའི་ཟླ་4པར་2017ལོའི་བོད་ཀྱི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་འདུ་ཚོགས་དང་བོད་ས་གནས་ཀྱི་ཡུལ་སྐོར་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་ཅི་ནན་དུ་འཚོགས་ཏེ་བོད་ཀྱི་ཡུལ་སྐོར་ཐོན་ཁུངས་ཧྲན་ཏུང་གི་ཁྲོམ་རའི་ཐོག་ཁྱབ་གདལ་གཏོང་ཚད་དང་ཁས་ལེན་ཚད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་བོད་རང་སྐྱོང་ལྗོངས་དང་ཧྲན་ཏུང་ཞིང་ཆེན་གཉིས་དབར་གྱི་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཡོད། 2017ལོའི་ཟླ་5པར་2017ལོའི་བོད་ཀྱི་ཡུལ་སྐོར་ཐོན་རྫས་ཀྱི་འོས་སྦྱོར་འདུ་ཚོགས་ལྷ་སར་གཉེར་བ་དང་ལྗོངས་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་ལས་རིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་བཅས་ཀྱི་འཐུས་མི་400ལྷག་ཙམ་གནས་འདིར་འཛོམས་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འདོན་བྱས་ཡོད། 2017ལོའི་ཟླ་6པར“རི་བོ་ཧི་མ་ལ་ཡའི་མཛེས་ལྗོངས་ཉམས་སུ་མྱོང་རྒྱུ”བརྗོད་དོན་གཙོ་བོར་བྱེད་པའི“2017ལོའི་བོད་དང་ཨེ་ཤེ་ཡ་ལྷོ་མའི་ཡུལ་སྐོར་ཐོན་རྫས་ཀྱི་འོས་སྦྱོར་འདུ་ཚོགས”ལྷ་སར་གཉེར་བ་དང་ལྗོངས་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་ལས་དོན་ཁང་བརྒྱ་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
        དེ་དང་དུས་མཚུངས་ས་ཁོངས་ཀྱི་སྤུས་རྟགས་མཉམ་བཏོད་དང་ས་ཁོངས་ཀྱི་ཡུལ་སྐོར་གཉེར་ཚོང་ལ་གཞིགས་ནས་བོད་ཀྱིས་ཀྲུང་གོའི་ཤམ་བྷ་ལའི་ཡུལ་སྐོར་ཁྱབ་གདལ་གནའ་འབྲེལ་དང་2016ལོ་ནས་2018ལོ་བར་གྱི་གཉེར་ཚོང་བྱ་སྤྱོད་འཆར་གཞི་མཉམ་དུ་བཟོས་ཏེ་བོད་དང་། སི་ཁྲོན། ཡུན་ནན་བཅས་ས་གནས་གསུམ་གྱི་ཡུལ་སྐོར་དྲིལ་བསྒྲགས་དང་གཉེར་ཚོང་ཐོན་ཁུངས་སྔར་བས་ལེགས་སྒྲིག་དང་བསྡུ་སྒྲིལ་བྱས་པས་རྒྱལ་སྤྱིའི་འགྲན་ནུས་ཆེ་རུ་ནུས་ལྡན་ཕྱིན་པ་དང་ཆབས་ཅིག ཀྲུང་ནེའི་ཡུལ་སྐོར་མཉམ་འབྲེལ་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པ་བདེ་བླག་ངང་འཚོགས་ཡོད། ཐོན་ཁུངས་བསྡུ་སྒྲིལ་ལ་དམིགས་ནས་མཚོ་འགག་ངོགས་གཉིས་ཀྱི་འཁེལ་འཐག་གྱོན་ཆས་དངོས་མང་སྟོན་ཚོགས་དང་། བྱང་ཕྱོགས་རྒྱལ་སྤྱིའི་ཚན་རྩལ་དངོས་མང་སྟོན་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་སྤེལ་རེས་འདུ་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་སྤེལ་རེས་འདུ་ཚོགས་སོགས་རྒྱལ་ནང་གི་ཡུལ་སྐོར་ཆེད་ལས་ཀྱི་འགྲེམས་ཚོགས་10དང་སུའེ་ཙེར་དང་། དབྱི་ཐ་ལི། འཇར་མན། ཧན་གོ་སོགས་ཕྱི་རྒྱལ་གྱི་ཡུལ་སྐོར་འགྲེམས་ཚོགས་7ནང་ཞུགས་ཏེ་ས་ཁོངས་ཀྱི་མཉམ་འགུལ་ལ་བརྟེན་ནས་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བས། ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འཕྲོག་ཡོད།
         བསྡོམས་རྩིས་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་6789.88ལ་སྣེ་ལེན་ཞུས་པར་ལོར་ཆ་སྙོམས་23.4%འཕར་ཡོད། 2016ལོར་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་ཕྱིན་ནས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ 2315.94ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་14.8%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་330.75ཟིན་པ་དེ་དུས་མཚུངས་ལས་17.3%འཕར་ནས་ཡུལ་སྐོར་བའི་མི་གྲངས་དང་ཡོང་འབབ་ཚང་མས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པར་བཏོད་ཡོད། 2017ལོར་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2500ཡན་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་370ཡན་ཟིན་རྒྱུ་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་མི་ཁྲི་38ལས་ཞུགས་ཐུབ་རེ་ཡོད་པ་རེད།
         ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ནས་དེའི་ནང་ཞུགས་པའམ་ཡང་ན་ཡུལ་སྐོར་ལས་རིགས་ཀྱི་ལས་ཀ་བྱེད་མཁན་ཞིང་འབྲོག་པ་སྔར་བས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་མང་ཚོགས་ཕྱུག་པོ་བྱེད་པའི་ཐབས་ལམ་ཡང་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ཏེ་ཡུལ་སྐོར་གྱི་སྣེ་ཁྲིད་ནུས་པ་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་བོད་ཀྱིས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་550ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་ཁྱོན་མི་ཁྲི་50ལས་ཞུགས་ཐུབ་རྒྱུ་དང་ཞིང་འབྲོག་པ་ཡུལ་སྐོར་ལས་རིགས་ནང་ཞུགས་མཁན་མི་གྲངས་ཁྲི་19ཟིན་པ་བྱས་ནས་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་ཞིང་འབྲོག་པར་ལོར་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.6ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།