འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་རང་རྒྱལ་གྱི་ཁྱིམ་སྤྱོད་གློག་ཆས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་ཚད་སྒོར་དུང་ཕྱུར་2000
    ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་ཚེས་2ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སའེ་ཏེ་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་《2017ལོའི་ལོ་སྟོད་དུ་ཁྱིམ་སྤྱོད་གློག་ཆས་དྲ་ཐོག་ནས་ཉོ་སྒྲུབ་ཀྱི་དབྱེ་ཞིབ་སྙན་ཞུ་》ལས་མངོན་གསལ། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་B2Cཁྱིམ་སྤྱོད་གློག་ཆས་དྲ་ཐོག་ནས་ཉོ་སྒྲུབ་བྱས་པའི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་2160ཟིན་པ་དེ་དུས་མཚུངས་ལས་16.9%འཕར་བ་དང་། དྲ་ཐོག་ཉོ་སྒྲུབ་ཁྲོམ་ར་རྩེར་སོན་ཅན་དུ་རིམ་སྤོར་བྱུང་ཡོད་ལ། རང་རྒྱལ་གྱི་སྤུས་རྟགས་ཀྱིས་གཙོ་ཁྲིད་ཀྱི་གནས་འབབ་བཟུང་ཡོད་པ་རེད། དེའི་ཐོག་ནས་ཁྱིམ་སྤྱོད་གློག་ཆས་ཀྱི་ཁྱབ་ཁོངས་ནང“ཀྲུང་གོའི་ལན་པར”གྱི་སྤུས་ཚད་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་མཐོ་རུ་ཕྱིན་པས་འཛད་སྤྱོད་པ་དེ་བས་མང་བའི་དགའ་བསུ་དང་ཡིད་ཆེས་ཐོབ་པ་མཚོན་ཡོད།
         སྙན་ཞུའི་ནང་མངོན་གསལ། ལོ་སྟོད་དུ་རང་རྒྱལ་གྱི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་དྲ་རྒྱའི་ཐོག་ནས་ཉོ་སྒྲུབ་བྱས་ཚད་ཀྱིས་སྤྱི་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་སིལ་ཚོང་བསྡོམས་འབོར་གྱི་24.88%བཟུང་བ་རེད། ཕྱིར་ཚོང་ཐོན་རྫས་ཀྱང་ངོས་ལེབ་བརྙན་འཕྲིན་དང་། དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས། འཁྱག་སྒམ། གོས་འཁྲུད་འཕྲུལ་ཆས་སོགས་སྲོལ་རྒྱུན་གྱི“ཁྱིམ་སྤྱོད་གློག་ཆས་ཆེན་པོ་བཞི”ནས་ཁྱབ་ཁོངས་དེ་བས་མང་བའི་འཛད་སྤྱོད་བར་རྒྱ་སྐྱེད་བྱུང་ཡོད། དཔེར་ན། མཁའ་རླུང་གཙང་བཟོའི་འཕྲུལ་ཆས་ཀྱི་དྲ་ཐོག་ནས་སིལ་ཚོང་དངུལ་འབོར་འཕར་ཚད་54%དང་ཆུ་གཙང་བཟོའི་སྒྲིག་ཆས་37.6%ཟིན་ཡོད། ཕོར་པ་འཁྲུད་ཆས་དང་། གཡན་འབུ་གསོད་ཆས། འཁྲུད་སྐམ་གཞི་གཅིག་འཕྲུལ་ཆས་སོགས་ཀྱི་ཕྱིར་ཚོང་དངུལ་འབོར་འཕར་ཚད་ཚང་མ་མདུན་གྲལ་དུ་སླེབས་ཡོད།
         གཞན་ཡང་། ཁྱིམ་སྤྱོད་གློག་ཆས་དྲ་ཐོག་ཉོ་སྒྲུབ་ཁྲོམ་རའི་ཁྲོད་རྒྱལ་ནང་སྤུས་རྟགས་ཀྱི་ལེགས་ཆ་སྔར་བས་མངོན་གསལ་དོད་པོ་ཡོད་དེ། དཔེར་ན། ལོ་སྟོད་དུ་དྲ་ཐོག་ནས་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་ཀྱི་རྒྱལ་ནང་སྤུས་རྟགས་ཀྱི་སིལ་ཚོང་དངུལ་འབོར་འཕར་ཚད་100%ལས་བརྒལ་ཡོད། འོན་ཀྱང་རྒྱལ་ཕྱིའི་སྤུས་རྟགས་ཀྱི་སིལ་ཚོང་དངུལ་འབོར་24.8%ལས་འཕར་མེད། དེ་དང་དུས་མཚུངས་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་ཀྱང་གྲངས་གཞི་དབྱེ་ཞིབ་དང་། ཐོན་རྫས་ཕྱིར་གཏོང་ལམ་སྟོན་སོགས་ཀྱི་ཐབས་ལམ་བརྒྱུད་ནས་རྒྱལ་ནང་གི་སྤུས་རྟགས་རིམ་སྤོར་ཡོང་རྒྱུར་རམ་འདེགས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།