འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་དམིགས་ཚད་རྣམ་གྲངས་ལྔའི་འཕར་ཚད་ཐེངས་དང་
    པོར་དུས་གཅིག་ཏུ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན་བོད་ལྗོངས་ཀྱི་གཞུང་ཕྱོགས་ཀྱིས་འདི་ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་དང་། བཟོ་ལས་ཀྱི་འཕར་སྣོན་རིན་ཐང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བཅས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། དེ་ཡང་བོད་ཀྱི་དཔལ་འབྱོར་དམིགས་ཚད་རྣམ་གྲངས་ལྔའི་འཕར་ཚད་ཐེངས་དང་པོར་དུས་གཅིག་ཏུ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།
         ཚེས་2ཉིན་2017ལོའི་ལོ་སྟོད་ཀྱི་བོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་ལོ་སྟོད་དུ་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་555.41(མི་དམངས་ཤོག་སྒོར། གཤམ་མཚུངས)ཟིན་པ་དེ་དུས་མཚུངས་དང་བསྡུར་ན་10.8%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         དེ་དང་ཆབས་ཅིག་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་39.52ཟིན་པ་དེ་དུས་མཚུངས་དང་བསྡུར་ན་14.1%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་240.05ཟིན་པ་དེ་དུས་མཚུངས་དང་བསྡུར་ན་14.2%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་15292ཟིན་པ་དེ་དུས་མཚུངས་དང་བསྡུར་ན་10.0%འཕར་བ། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3210ཟིན་པ་དེ་དུས་མཚུངས་དང་བསྡུར་ན་13.9%འཕར་བ་བཅས་གོང་གསལ་གྱི་དཔལ་འབྱོར་དམིགས་ཚད་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
         ཀྲོང་ཡན་གྱིས་འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་200ནང་ལེགས་གྲུབ་ཟིན་པའི་རྣམ་གྲངས་2ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་551བཏང་བ་དེས་ལོ་འཁོར་འཆར་གཞིའི་མ་འཇོག་གི་27.1%བཟུང་ཡོད། དེའི་ནང་སྤང་མདའ་གནམ་ཐང་གི་འཕུར་སྐྱོད་ཁུལ་སྒྱུར་བཀོད་ལས་དོན་མགྱོགས་སུ་བཏང་བ་དང་གོང་དཀར་གནམ་ཐང་གི་བབས་ཚུགས་ཐོག་བརྩེགས་ཁང་ཆེན་རྒྱས་བསྐྲུན་གྱི་ས་བསྡུ་གནས་སྤོས་བྱ་རྒྱུ་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         ཕྱི་ཕྱོགས་མཉམ་ལས་ཐད་བོད་ཀྱིས་སྒོ་མོ་འབྱེད་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང་། ཀྲོང་ཡན་གྱིས་འདི་ལོའི་ལོ་སྟོད་དུ་བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་32.22ཟིན་ནས་དུས་མཚུངས་དང་བསྡུར་ན་70%འཕར་ཡོད། བོད་ཀྱིས་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་འདི་ལོའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་བཟོ་ལས་གླིང་དང་ནེ་པ་ལ·ཀྲུང་གོའི་བོད་ལྗོངས་རིག་གནས་ཐོན་ལས་གླིང་གི་རྣམ་གྲངས་གཉིས་ལ་མིང་རྟགས་བཀོད་ཡོད། གཞན་ཡང་། བོད་ཀྱིས་ད་དུང་ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྱིའི་འགྲོ་ལམ་གྱི་སྐྱེལ་འདྲེན་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ་ལམ་གཡར་སྐྱེལ་འདྲེན་ཁག་ཐེངས་1བྱས་ཏེ་འབྲུ་རིགས་སོགས་དངོས་ཟོག་ཏུན་450ལྷག་ཙམ་དབོར་འདྲེན་བྱས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         བོད་ཀྱིས་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་མཐའ་ཚད་དང་། སྲོག་ཐིག གློག་ཆེན་བཅས་སུ་བརྩིས་ཤིང་། ཀྲོང་ཡན་གྱིས་བོད་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞི”(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་ས་སྐྱིད་ཆུ། མྱང་ཆུ། ཉང་ཆུ། སེང་གེ་ཁ་འབབ།)བཅས་རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང་། བྱེ་འགོག་བྱེ་བཅོས། རི་སྐྱེས་སྐྱེ་དངོས་སྲུང་སྐྱོང་། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན། ལྷ་སའི་ཉེ་འཁོར་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་བཅས་ལག་བསྟར་བྱ་རྒྱུ་མགྱོགས་སུ་བཏང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         ཀྲོང་ཡན་གྱིས་བོད་ཀྱིས་མིག་སྔར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་62.2བྱས་པ་དང་རང་བྱུང་སྲུང་སྐྱོང་ཁུལ་བཅུའི་རྨང་གཞིའི་སྒྲིག་བཀོད་དང་ནུས་པ་འཛུགས་སྐྲུན་གྱི་འདུ་འགོད་དང་འདམ་ར་གལ་ཆེན་8སྲུང་སྐྱོང་སླར་གསོའི་འདུ་འགོད་སོགས་རྣམ་གྲངས་ལག་བསྟར་བྱས་པར་བརྟེན་སྣོད་བཅུད་སླར་གསོ་ཐུབ་རྒྱུར་མུ་མཐུད་སྐུལ་མ་ཐེབས་པ་མ་ཟད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།