འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཁྲིམས་འཛིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་བྱང་ཚད་
    ལེགས་པའི་དཔུང་ཁག་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་སྐབས་ཁྲིམས་འཛིན་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་རྒྱུ་དང་ཞིང་ཆེན་དེའི་དོན་དངོས་གནས་ཚུལ་ཟུང་འབྲེལ་བྱེད་པ་དང་། སྔོན་ལ་ཚོད་ལྟ་བྱེད་པ་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ནས་ལས་བྱེད་པའི་ཆབ་སྲིད་གཤིས་རྒྱུད་དང་ལས་སྒོའི་བྱང་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་ཕྱོགས་བསྡུས་བྱང་ཚད་ལེགས་པའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ཆེད་ལས་ཅན་དང་ལས་རིགས་ཅན་གྱི་དཔུང་ཁག་བཏོད་དེ་མཚོ་སྔོན་གྱི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟར་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད་པ་རེད།
              ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་《ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དོ་དམ་ཚོད་ལྟའི་བྱ་ཐབས་(ཚོད་ལྟའི་ལག་བསྟར)》བཟོས་ནས་བཏོན་ཏེ་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་རིང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཚན་ཁག་གི་དོ་དམ་ལམ་སྲོལ་ལེགས་སུ་གཏོང་བ་དང་གཞི་རིམ་ཁྲིམས་ཁང་ཡོན་ཀྲང་དང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཞིང་ཆེན་དེའི་ཁྱབ་ཁོངས་སུ་གཅིག་གྱུར་འཆར་འགོད་དང་དོ་དམ་བྱ་རྒྱུ་མངོན་འགྱུར་ཡོང་བ་བྱས་ནས་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཁྲོད་ཀྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། རིམ་ཁག་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་གི་མི་སྣ་བཀོད་གཏོང་། རྒྱུན་གཏན་གྱི་གནས་རིམ་འཕར་བ། གླ་ཆ་འཕར་ཆག ཉེན་རྟོག་པའི་གོ་རྟགས་འཕར་བ། ལས་འཁྱུར་ངལ་གསོར་ཞིབ་མཆན་འགོད་པ། རྒན་གསོ་འགན་བཅོལ་གྱི་བྱ་ཐབས། ལས་ཞུགས་ལོ་ཚད་གཏན་འཁེལ། གླ་ཆ་ཞིབ་བཤེར་གཏན་འཁེལ། ཁོངས་མི་ངོ་མར་བསྒྱུར་བའི་རིམ་པ་གཏན་འཁེལ་སོགས་འབྲེལ་ཡོད་ཞིབ་མཆན་འགོད་པའི་དོན་ཚན་དང་དེའི་ཞིབ་ཕྲའི་བྱ་ཐབས་ཁ་གསལ་བཟོས་ནས། རྩ་འཛུགས་དང་། སྲིད་ཁྲིམས། ནོར་སྲིད། མི་སྤྱི་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བསམ་བློ་དང་། འདུ་ཤེས། བྱ་སྤྱོད་སོགས་མཐུན་སྦྱོར་གཅིག་གྱུར་ཡོང་བ་བྱས་ནས། སྲིད་ཇུས་ཁག་དམིགས་སར་འབྱོར་བ་དང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད། ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། ཞིང་ཆེན་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག་《མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་གོ་གནས་རྐྱང་པའི་རིམ་པ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལག་བསྟར་ཇུས་གཞི་》དང་《མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་དཔོན་གྱི་ལས་རོགས་དང་། ཞིབ་དཔྱོད་དཔོན་གྱི་ལས་རོགས། ཧྲུའུ་ཅིའི་གོ་གནས་བཅས་ཀྱི་རིམ་པ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་ཏེ། ཏང་གིས་ལས་བྱེད་པར་དོ་དམ་དང་ཁྲིམས་ལྟར་དོ་དམ་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ལས་བྱེད་པའི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱེད་པ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ལས་བྱེད་ལས་དོན་གྱི་འགོ་ཁྲིད་དང་། ཁྲིམས་དཔོན། ཞིབ་དཔྱོད་དཔོན་བཅས་ཀྱི་དཔུང་ཁག་ལ་གཅིག་གྱུར་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས། སྲིད་ཇུས་ཀྱི་སྣེ་ཁྲིད་དང་ལམ་ལུགས་ཀྱི་གཅུན་སྡོམ་ནུས་པ་འདོན་སྤེལ་ཅུང་ཡག་པོ་ཐུབ་ཡོད་པ་རེད།
            དེ་དང་ཆབས་ཅིག་རྩ་འཛུགས་དང་། སྒྲིག་བཤེར། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ཞིབ་བཤེར་བྱེད་པའི་ལམ་སྲོལ་བཙུགས་ཏེ། དེ་དག་སོ་སོས་ལས་སྒོའི་ནུས་པར་དམིགས་ནས་ཞིབ་བཤེར་གཏན་འབེབས་ནན་པོ་བྱེད་པ་དང་རིམ་པ་བཞིན་འགག་སྒོ་ནན་པོ་བསྲུངས་ནས་ཁྲིམས་ཁང་དང་ཞིབ་དཔྱོད་དཔུང་ཁག་གི་བསམ་བློ་དང་ཆབ་སྲིད་ཀྱི“འཇུག་སྒོ”དང་སྤྱོད་གཙང་རང་འདོམས་ཀྱི“མེ་འགོག་གྱང”བརྟན་པོ་བཙུགས་ཡོད། རིམ་ཁག་ཁྲིམས་ཁང་དང་ཞིབ་དཔྱོད་སྡེ་ཚན་གྱིས་ཞིབ་དཔྱོད་འགག་སྒོ་མདུན་དུ་སྤོ་བ་དང་མི་གྲངས་སུ་ཚུད་པའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་ཐོབ་ཐང་ཆ་རྐྱེན་ལ་ཞིབ་བཤེར་གཏན་འབེབས་བྱས་པ་དང་། ཞིང་ཨུད་རྩ་འཛུགས་པུའུ་ཡིས་གྲོང་ཁྱེར་དང་ཀྲོའུ་ཨུད་ཁག་གི་རྩ་འཛུགས་སྡེ་ཚན་དང་མཉམ་དུ་ལས་བྱེད་པ་ཡག་པོའི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་མི་གྲངས་སུ་ཚུད་པའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་ཀུན་སྤྱོད་ཀྱི་རྟོག་ཞིབ་གཏིང་ཟབ་བྱས་ནས་ཆབ་སྲིད་བྱང་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། ཞིང་ཆེན་སྒྲིག་བཤེར་སྡེ་ཚན་གྱིས་སྣེ་ཁྲིད་དེ་མི་གྲངས་སུ་ཚུད་པའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་སྤྱོད་གཙང་གཞུང་དྲང་གི་མཚོན་ཚུལ་ལ་ཕྱོགས་བསྡུས་གདེང་འཇོག་བྱས་ནས་སྤྱོད་གཙང་རང་འདོམས་ཀྱི་འགག་སྒོ་ནན་པོ་སྲུང་བ། ཁྲིམས་འཛིན་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་སྐབས་ལས་བྱེད་པའི་ལས་སྒོའི་འཇོན་ཐང་ཆེ་བ་དང་། ཆེད་ལས་བྱང་ཚད་ལེགས་པ། ཕྱོགས་བསྡུས་བློ་སྦྱོང་བཟང་བ། སྤྱོད་ཚུལ་ལེགས་པ་བཅས་འགན་ལེན་བྱས་པས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ལས་བྱེད་པའི་བསམ་བློ་ཟང་ཟིང་མི་ཆགས་པ་དང་། དཔུང་ཁག་ཁ་ཐོར་དུ་མི་འགྲོ་བ། ལས་དོན་སྤེལ་མཚམས་མི་ཆད་པ་བཅས་མངོན་འགྱུར་ནུས་ལྡན་ཐུབ་ཡོད་པ་རེད།
            མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ཞིང་ཆེན་གྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གདམ་གསེས་ཨུ་ལྷན་བཙུགས་ཏེ་《མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གདམ་གསེས་ཨུ་ལྷན་གྱི་ལས་ཀའི་ལམ་སྲོལ་(ཚོད་ལྟའི་ལག་བསྟར)》དང་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གདམ་གསེས་《བྱ་ཐབས་》བཟོས་ནས། ཆེད་ལས་ཅན་དང་ལས་རིགས་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་གཞིར་བཟུང་། ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ཁྲིམས་འཛིན་གྱི་ནུས་པ་དང་། ལས་སྒྲུབ་ལས་རྗེས། ལས་རིགས་ཀྱི་སྤྱོད་ལམ་བཅས་ལ་མངོན་གསལ་དོད་པོས་དཔྱད་ཞིབ་བྱེད་པ་དང་། གདམ་གསེས་བྱ་ཐབས་དང་གཏན་འབེབས་ལ་ནན་པོར་གཞིགས་ནས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་ལ་འདེམས་རྩིས་ཡོད་པའི་འོས་མི་གདམ་གསེས་བྱེད་པ་ལས་སྟབས་བདེའི་སྒོ་ནས་རིམ་པ་དབྱེ་བ་དང་། འོས་སྦྱོར་མང་ཉུང་། ཡིག་ཚད་ཨང་ཀིའི་བཅད་གྲངས་ལ་གཞིགས་རྒྱུ་བཅས་གཏན་འགོག་བྱས་ནས་ཡོངས་བསྒྲགས་དང་། དྲང་གཞག གཞུང་དྲང་བཅས་ཀྱི་རྩ་དོན་མངོན་པར་བྱས་ཡོད། མི་རིགས་ས་ཁུལ་གྱི་དོན་དངོས་ལ་དམིགས་ནས་མི་རིགས་ཀྱི་སྐད་དང་ཡི་གེའི་ལོ་ཙཱ་བ་མང་དུ་འོས་འཚམ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།