འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཁུ་ཁུ་ཤིས་རིར་ལོ་བརྒྱད་བསྟུད་མར་གཙོད་ལྐོག་རྔོན་རྒྱག་པའི་གྱོད་གཞི་གཅིག་ཀྱང་ཐོན་
    མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཤིས་ཧའེ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ཁུ་ཁུ་ཤིས་རིར་ལོ་བརྒྱད་བསྟུད་མར་གཙོད་ལྐོག་རྔོན་རྒྱག་པའི་གྱོད་གཞི་གཅིག་ཀྱང་ཐོན་མེད། སྣོད་བཅུད་ཁོར་ཡུག་ལེགས་སུ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་འགྲོ་བ་དང་བསྟུན་ནས་ཁུ་ཁུ་ཤིས་རིའི་གཙོད་ཀྱི་གྲངས་འབོར་རིམ་བཞིན་སླར་གསོ་ཡོང་བཞིན་ཡོད་པ་དང་། མིག་སྔར་གཙོད་མགོ་གྲངས་ཁྲི་6ལྷག་ཙམ་ཟིན་གྱི་ཡོད། ལྷག་དོན་དུ་དུས་ཚིགས་འདིར་གཙོད་རྩོ་ནག་མཚོར་གཙོད་ཕྲུག་སྐྱེ་བར་འགྲོ་བའི་བརྗིད་ཆེའི་རྣམ་པ་མཐོང་རྒྱུ་ཡོད”ཅེས་ཉིན་ཤས་གོང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་གླིང་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་བུ་ཆུང་གིས་སྤྲོ་བ་འཕེལ་བའི་ངང་དེ་ལྟར་བཤད།
         ཟླ་དྲུག་པ་ཤར་ཚུན་མུ་མཐའ་མེད་པའི་ཁུ་ཁུ་ཤིས་རིའི་ས་གཞི་ཡོངས་སྔོ་ལྗང་གོས་ཀྱིས་བཀླུབས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཡོད། ཁུ་ཁུ་ཤིས་རིར་མ་བསྐྱོད་གོང་མཉམ་དུ་ཡོད་པའི་ལམ་སྣེ་ཁྲིད་མཁན་ཞིག་གིས་དུས་ཚིགས་འདིར་གཙོད་མོ་མང་ཆེ་བ་རྩོ་ནག་མཚོར་གཙོད་ཕྲུག་སྐྱེ་བར་འགྲོ་གི་ཡོད། གཙོད་མཐོང་ཐུབ་མིན་ནི་ཚང་མའི་རླུང་རྟར་ལྟ་རྒྱུ་རེད། སྐད་ཆ་ཤོད་ཞོར་དུ་རླངས་འཁོར་ཁུ་ནུ་རི་བོའི་ལ་གཤམ་བརྒྱུད་མུ་མཐའ་མེད་པའི་ཁུ་ཁུ་ཤིས་རིའི་ས་ཁོངས་སུ་འབྱོར།
         ལོ་མང་མཚོ་བོད་ལམ་ཐིག་ཐོག་སྐྱེལ་འདྲེན་ལས་ལ་གཞོལ་མྱོང་བའི་ཁ་ལོ་བ་མཱ་ཅི་ཨེན་གྱིས་དེ་སྔ་གཙོད་ཀྱིས་ཐག་རིང་ནས་རླངས་འཁོར་དང་མི་མཐོང་མ་ཐག་བྲོས་ཀྱི་ཡོད། ད་ཆ་དེ་ལྟར་མིན་པར་ཐག་ཉེ་ས་ནས་གཙོད་མཐོང་རྒྱུ་ཡོད། ལྷག་པར་དུ་གཙོད་གནས་སྤོ་བྱེད་སྐབས་སྨིག་པ་ལ་སྒང་ནས་གཙོད་ཁྱུ་དང་ཁྱུ་མཐོང་རྒྱུ་ཡོད།
         ཁུ་ཁུ་ཤིས་རིའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་ལས་ཀ་བྱེད་བཞིན་པའི་སོག་རིགས་ཀྱི་ཕོ་གཞོན་པ་དབྱིར་ལ་མྱོང་ཚོར་ཟབ་མོ་ཡོད། པ་དབྱིར་གྱིས་མི་མང་པོས་འབད་འཐབ་ཧུར་ཐག་བྱས་པ་བརྒྱུད་ཁུ་ཁུ་ཤིས་རིའི་རྒྱུད་ཀྱི་གཙོད་ཀྱི་གྲངས་འབོར་རིམ་གྱིས་སླར་གསོ་ཡོང་གི་ཡོད། 2013ལོའི་དབྱར་ཁ་ནས་བཟུང་སྲུང་སྐྱོང་ས་ཚིགས་ཀྱིས་རྨས་སྐྱོན་ཕོག་པའི་གཙོད་མཐའ་མ་དེ་བསྐྱལ་རྗེས་ད་བར་གཙོད་གཅིག་ཀྱང་སྐྱོབ་བཅོས་བྱེད་དགོས་བྱུང་མེད་ཅེས་བཤད།
         ས་ཁོངས་སྒྲོལ་ནས་གང་སར་ལྐོག་རྔོན་རྒྱག་པ་སོགས་ཉེས་གསོག་རྣམ་པ་གསར་པ་ཐོན་རྒྱུ་བཀག་འགོག་བྱ་ཆེད། 2009ལོའི་ཟླ་9ནས་བཟུང་ཤིན་ཅང་གི་ཨའར་ཅིན་ཧྲན་དང་། བོད་བྱང་ཐང་། མཚོ་སྔོན་གྱི་ཁུ་ཁུ་ཤིས་རི་སོགས་རང་བྱུང་སྲུང་སྐྱོང་ཁུལ་གསུམ་པོའི་དབར་མཉམ་འགོག་རོགས་རེས་ཀྱི་གྲོས་མཐུན་བཞག་ནས་ཁྲིམས་འཛིན་ས་ཁོངས་ཀྱི་དབྱེ་མཚམས་རྦད་དེ་མེད་པ་བཟོས་ནས་གཙོད་ལྐོག་རྔོན་རྒྱག་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བའི་རྣམ་པ་ཞིག་ཆགས་པ་བྱས་ཡོད། ཁྲིམས་འཛིན་དང་གླེང་ཕྱོགས་ཀྱི་དམ་བསྒྲགས་རྣམ་པའི་འོག་2009ལོ་ནས་ད་བར་ཁུ་ཁུ་ཤིས་རིར་གཙོད་ལྐོག་རྔོན་རྒྱག་པའི་གྱོད་གཞི་གཅིག་ཀྱང་ཐོན་མྱོང་མེད་པ་དང་ལྐོག་རྔོན་རྒྱག་མཁན་གྱིས་གཙོད་གསོད་པའི་ཁྲག་དྲི་བྲོ་བའི་རྣམ་པ་ཡེ་ནས་མཐོང་རྒྱུ་མེད།
         བུ་ཆུང་གིས་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཁྱབ་ཁོངས་སུ་བཅུག་པ་ལས་གཙོད་སྲུང་སྐྱོང་བྱ་ཤུགས་སྔར་བས་ཆེ་རུ་ཕྱིན་པ་མཚོན་ཐུབ་པས་ཁུ་ཁུ་ཤིས་རི་གཙོད་ཀྱི་དགའ་ཚལ་དུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།